བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དབུ་ཚུགས་སོང་།

2021-11-09
Share
བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དབུ་ཚུགས་སོང་། བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྐབས། ༡༡།༩།༢༡
RFA/Dhasa

ས་གནས་འགོ་འཛིན་རྣམ་པས་སོ་སོའི་ཁྱབ་ཁོངས་མི་མང་གི་གནས་སྟངས་རྒྱུས་ལོན་ཆ་ཚང་དགོས་བ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐོག་གསུངས་སོང་།
རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༤་དེ། བཞུགས་སྒར་དུ་སྤྱི་ཟླ་༡༡་པའི་ཚེས་༩་ནས་༡༡་བར་ཚོགས་བཞིན་པ་དང་། ཚོགས་འདུ་དབུ་འབྱེད་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་ཀྱིས། ལུས་སེམས་ཀྱི་ནད་མནར་ཚོར་ལྟ་སྐྱོང་དང་གཞིས་ཆགས་ཁག་ཚང་མ་ལ་ཉམ་ཐག་ཞིབ་འཇུག་གིས་ཐོ་གཞུང་གཙོ་བོ་ཞིག་བཟོས་ཏེ་གཞི་བཅོལ་ས་བྱ་རྒྱུ་ཡིན་པ་དང་། ས་གནས་འགོ་འཛིན་ཚོས་སོ་སོའི་ཁྱབ་ཁོངས་མི་མང་གི་གནས་སྟངས་ལ་རྒྱུས་ལོན་ཆ་ཚང་ཡོད་དགོས་པ་གསལ་སྟོན་དང་འབྲེལ། ལུས་ཀྱི་དཀའ་ངལ་འཕྲད་བསྡད་པ་དང་སེམས་ཀྱི་དཀའ་ངལ་འཕྲད་པ་སོགས། གང་ལྟར་ང་ཚོས་རོགས་པ་བྱེད་དགོས་ས་དེ་རིགས་སུ་དང་གང་ཡིན་པ་དང་། གྲངས་ཀ་ག་ཚོད་ཡོད་པ་རྣམས་ཆ་ཚང་ཧ་མ་གོ་ན། དེ་ནས་འཆར་གཞི་བཟོ་སྐབས་ཁག་པོ་ཆགས་ཀྱི་ཡོད་པ་སོགས་ནན་གསུང་གནང་ཡོད་པ་དང་། ཡང་ཁོང་གིས་བོད་ནས་འབྱོར་མི་ཇེ་ཉུང་དུ་ཕྱིན་པ་དང་ཕྱི་རྒྱལ་དུ་སྤོར་མི་ཚོས་རང་གི་བུ་ཕྲུག་འཁྲིད་འགྲོ་བཞིན་ཡོད་པ། རྒྱ་གར་གྱི་གྲོང་ཁྱེར་ནང་གནས་སྤོར་མཁན་ཇེ་མང་དང་བྱིས་པ་སྐྱེ་ཚད་དུ་ཉུང་དུ་སོང་བ་བཅས་ལ་བརྟེན། སློབ་ཕྲུག་ཉུང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་ལ་བསྟུན་ནས། སློབ་གྲྭ་ཁག་ཁུ་བསྡུ་གནང་དགོས་སུ་ཐུག་གི་ཡོད་པ་གསུངས་ཡོད་པ་རེད།
ས་གནས་འགོ་འཛིན་ཁག་ནི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པ་དང་། ཚོགས་ཆེན་འདི་ལ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་༤༤་ནས་ས་གནས་འགོ་འཛིན་༤༣་དང་། ཚོགས་ཞུགས་པ་༨༠་ལྷག་བཅར་གནང་ཡོད་ཅིང་། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་ནས་ཚོགས་ཆེན་འདིར་གནད་འགག་ཆེ་ཤོས་ནི། མང་ཚོགས་ཀྱི་བདེ་སྡུག་སེལ་ཐབས་གནང་དགོས་པ་དང་། ཁྲིམས་སྒྲིག་དང་མཐུན་པའི་ལམ་ནས་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་གསར་རྩོམ་དང་། རྙིང་པ་མཇུག་སྐྱོང་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་བྱང་ཤར་ཤེ་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ནས། ཁོ་རང་གི་ས་གནས་ཁ་འཐོར་གཞིས་ཆགས་ཡིན་པ་དང་། ས་ཁང་སོགས་གཞུང་གིས་གནང་བ་མེད་པར་འཚོ་བ་རང་སྐྱོང་གནང་གི་ཡོད་པས། ས་གནས་མི་མང་གི་བདེ་སྡུག་ལྟ་རྒྱུ་ས་གནས་འགོ་འཛིན་གྱི་འགན་ཆགས་ཡོད་པ་དང་། ས་གནས་མང་པོ་ལ་དཀའ་ངལ་མི་འདྲ་བར་ཡོང་གི་ཡོད་པས། དེ་ཚོ་གོ་བསྡུར་སྦྱང་བཤད་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མེན་བྷ་ཏི་ཕན་བདེ་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ནས། མོ་རང་གི་ས་གནས་སུ་དུས་རྒྱུན་ཡུལ་མི་མཉམ་དུ་དཀའ་ངལ་ག་རེ་འཕྲད་བཞིན་པ་དང་། ས་ཁང་བདག་འཛིན་དང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སེལ་ཐབས། རྒན་པ་མང་པོ་ལ་སེམས་ཁམས་མི་བདེ་བའི་དཀའ་ངལ་ཡོད་པ་བཅས་ཡར་ཞུ་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཉིན་གསུམ་རིང་གནང་བཞིན་པའི་ཚོགས་ཆེན་ཐོག་གྲོས་གཞི་ཁག་དོན་ཚན་ཁག་བཅུ་གཉིས་གཏན་ལ་ཕབ་ཡོད་ཅིང་། དེ་ལས་མང་ཆེ་བ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་བེད་སྤྱོད་གནང་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་འཛིན་སྐྱོང་ཕྱོགས་དང་། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་དང་སློབ་གྲྭ་ཁག་ཉམས་དམས་སུ་འགྲོ་བའི་རྐྱེན་རྩ་ཅི་ལ་ཐུག་པ་སོགས་ཀྱི་ཐད་གོ་བསྡུར་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།