ཞིབ་འཇུག་ཚད་ལྡན་བྱས་བ་བརྒྱུད་ཉམ་ཐག་ཚོར་དགོས་ངེས་རོགས་རམ་བྱེད་རྒྱུ་ཡིན་པ་གྲོས་ཚོགས་ལ་གསལ་བཤད་གནང་སོང་།

2022.03.16
Share on WhatsApp
Share on WhatsApp
ཞིབ་འཇུག་ཚད་ལྡན་བྱས་བ་བརྒྱུད་ཉམ་ཐག་ཚོར་དགོས་ངེས་རོགས་རམ་བྱེད་རྒྱུ་ཡིན་པ་གྲོས་ཚོགས་ལ་གསལ་བཤད་གནང་སོང་། སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སྐབས། ༠༣།༡༤།༢༠༢༢
RFA/Dhasa

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་༣པར་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། དེ་སྔོན་ཉམ་ཐག་ཡིན་པ་ཁག་ཅིག ད་སྐབས་འཚོ་བ་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་མུ་མཐུད་དུ་ཉམ་ཐག་གི་ཁོངས་སུ་སྡོད་མཁན་ཡོང་གི་འདུག དེར་བརྟེན་བཙན་བྱོལ་ནང་ཉམ་ཐག་ཇི་ཡོད་ཐད་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ངེས་པར་དུ་ཞིབ་འཇུག་གཏིང་ཟབ་གནང་དགོས་པ་དགོངས་འཆར་བཏོན་གནང་བ་དང་། གཞན་སྤྱི་འཐུས་མང་པོས་བསམ་ཚུལ་གསུངས་བ་དང་བགྲོ་གླེང་གནང་ཡོད་པ་རེད།
དེར་ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་སྐབས། བཀའ་ཤག་སྐབས་༡༦པས་ལས་ཁུར་ཞུས་མ་ཐག་ཏུ་ཉམ་ཐག་གི་གནས་སྟངས་ཐད་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱེད་དགོས་པའི་དམིགས་ཡུལ་ཡོད་པ་བཞིན། སྔ་ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལྔའི་ནང་ཤེས་རིག་དྲུང་ཆེ་དང་། ནང་སྲིད་དྲུང་ཆེ། དེ་བཞིན་འཕྲོད་བསྟེན་དྲུང་ཆེ་བཅས་ཆེད་ཕེབས་ཀྱིས། ཉམ་ཐག་གི་ཐོ་གཞུང་ནང་ཡོད་པའི་མི་ཚང་རེ་རེ་བཞིན་རྒྱུས་ལོན་བྱས་ཡོད་པ་དང་། མ་འོངས་པར་སྙན་ཐོ་རྒྱས་པ་ཞིག་གྲོས་ཚོགས་ལ་འབུལ་ངེས་ཡིན་སྐོར་གསུངས་སོང་།
སྤྱིར་སྤྱི་ལོ་༡༩༩༧ལོར་ནང་སྲིད་ལས་ཁུངས་དང་། ཤེས་རིག དེ་བཞིན་འཕྲོད་བསྟེན་ལས་ཁུངས་བཅས་གསུམ་གྱིས་ཉམ་ཐག་རྟོག་ཞིབ་ཚོགས་ཆུང་ཟེར་བ་ཞིག་ཟུར་འཛུགས་གནང་ཡོད་པ་དེས་མུ་མཐུད་ཉམ་ཐག་དང་འབྲེལ་བའི་ལས་དོན་ཁག་གཉེར་མུས་ཡིན་འདུག་ཀྱང་། ད་དུང་ཞིབ་འཇུག་ཚད་ལྡན་ཞིག་ངེས་པར་དུ་གནང་དགོས་པ་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གསུངས་ཤིང་། ལྷག་པར་དུ་ཉམ་ཐག་ཟེར་ཡ་དེ་ཚད་འཛིན་བྱེད་ས་ཞིག་ངེས་པར་དུ་དགོས་པའི་དགོངས་འཆར་བཏོན་གནང་སོང་།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་སྡོད་ཁང་མེད་པའི་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་བཞུགས་སྒར་རྡ་རམ་ས་ལ་ལྟ་བུར་མཚོན་ན། བོད་ནས་གསར་དུ་འབྱོར་བ་ཧ་ཅང་གི་མང་པོ་ཡོད་པའི་ས་ཁུལ་ཞིག་ཆགས་ཡོད་པས། འདིའི་ཁུལ་དུ་སྡོད་ཁང་མེད་པའི་དཀའ་ངལ་ཡོད་རིགས་ཚོར་བཀའ་ཤག་ནས་ག་རེད་གནང་འཆར་ཡོད་པའི་སྐོར་དྲི་བ་བཏོན་པར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་ཤག་གི་ངོས་ནས་རིང་མིན་ལོ་གཅིག་ནང་ཚུད་ལ་སྡོད་ཁང་མེད་མཁན་ཚོར་སྡོད་ཁང་བགོ་འགྲེམས་བྱེད་ཕྱོགས་ཐད་ཞིབ་འཇུག་གཏིང་ཟབ་ཅིག་བྱ་འཆར་ཡོད་པ་གསལ་བཤད་གནང་སོང་།
ཡང་སྐབས་༡༦པའི་བཀའ་ཤག་གིས་དེ་སྔོན་སྤྱི་ལོ་༢༠༢༡ལོའི་ཕྱི་ཟླ་༩པའི་ནང་། བོད་མི་ཉམ་ཐག་ཚོར་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་ལམ་སྟོན་བཀོད་ཁྱབ་བཏང་བའི་ནང་། ཉམ་ཐག་རེ་ཟུང་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ཞལ་འདེབས་བསྡུ་སློང་གི་གནས་ཚུལ་བྱུང་སྟེ་སྤྱི་ཚོགས་གང་སར་བསམ་ཚུལ་ཇི་སྙེད་ཅིག་བྱུང་ཡོད་པས་ཚད་ལྡན་གྱི་བྱེད་ཕྱོགས་གཅིག་གྱུར་ཅིག་དགོས་གལ་ཆེ་བས། མ་འོངས་པར་ཞལ་འདེབས་སྡུད་སློང་བྱེད་མཁན་ཚོས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་ནམ། ཡང་ན་འབྲེལ་མཐུད་པར་གྲོས་སྡུར་དང་ལམ་སྟོན་ཞུས་ནས་ཞལ་འདེབས་སྡུད་སློང་བྱེད་དགོས་པ་ལམ་སྟོན་བཀོད་ཁྱབ་བཀྲམ་ཡོད་པ་རེད།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ད་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སེམས་ཁམས་ཀྱི་དཀའ་ཡོད་པའི་བོད་མི་མང་པོ་ཞིག་ཡོང་གི་འདུག་པས། མི་མང་ཁག་ཅིག་གིས་དེ་དག་རྒྱུས་ལོན་ཐུབ་ཀྱི་མེད་པ་གསུངས་ཤིང་། ད་ཡོད་ཐོ་གཞུང་ནང་དུ་སེམས་ཁམས་བདེ་པོ་མེད་པའི་བོད་མི་༢༥༠ལྷག་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག དེ་དག་གི་ཆེད་དུ་དམིགས་བསལ་གྱི་ཁྱད་ལས་དང་སྨན་པ་སོགས་དགོས་གལ་ཆེ་བས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་བསྒྲུབ་ཕྱོགས་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་གསུངས་གནང་སོང་།
དེ་བཞིན་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་སྡོམ་དང་དེར་བགྲོ་གླེང་གནང་སྐབས། བཀའ་ཤག་གོང་མས་བཙུགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་འཐུད་གནས་དཀའ་བའི་གནས་སུ་ཡོད་པའི་གནས་སྟངས་ཐད་བགྲོ་གླེང་མང་པོ་བྱུང་བ་དང་། དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་མ་འོངས་བར་ཉེན་ཁ་ཆེན་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་དུ་མཇུག་སྐྱོང་བར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་ལམ་སྟོན་ཞིག་གནང་ཚེ་ལས་གཞི་མཇུག་སྐྱོང་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།