བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐད་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་བཞག་གནང་སོང་།

2022.03.22
Share on WhatsApp
Share on WhatsApp
བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐད་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་བཞག་གནང་སོང་། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས། ༠༣།༢༢།༢༢
Tibettv

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢ནས་༢༣ལོའི་སྔོན་རྩིས་སྤྱི་ཡོངས་དང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་བཅས་ཀྱི་ཐད་སྤྱི་འཐུས་རྣམ་པའི་བགྲོ་གླེང་རྗེས། བོད་ཀྱི་ཁོར་ཡུག་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་བཞག་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་འཛུགས་བསྐྲུན་བྱས་དང་བྱེད་མུས་དེས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད་པ་དང་། བོད་ནང་རྫ་ཆུ་(Mekong River)གཅིག་པུའི་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་༣༢ཙམ་བརྒྱབ་ཟིན་པ་མ་ཟད། ད་དུང་རྒྱག་འཆར་ཡོད་པ་གསུངས་ཤིང་། སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་འཛུགས་སྐྲུན་ལས་གཞི་དེ་དག་གིས། བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་བཏང་བ་ཙམ་དུ་མ་ཟད། དེ་དག་གིས་འབྱུང་འགྱུར་རྒྱ་ནག་གི་མདུན་ལམ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
ཡང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་གྲོས་འཆར་སྐབས་སུ། སྤྱི་འཐུས་ཁག་ཅིག་གིས་ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཛ་དྲག་ཡིན་པ་རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་ཞུ་གཏུག་དང་གླེང་སློང་དགོས་པ་དགོངས་ཚུལ་གསུངས་ཡོད་པ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱེད་པའི་སྐབས་ས་གནས་བོད་མིའི་ཁེ་ཕན་དང་བདེ་སྡུག་ལ་རྩ་བ་ནས་ལྟ་རྟོག་མེད་པའི་ཁར། ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་བོད་མི་ཁག་ཅིག་ལ་གང་བྱུང་མེ་མདའ་བརྒྱབ་ཏེ་བསད་པའི་ལོ་རྒྱུས་ཀྱང་ཡོད་པ་གསུངས་ཡོད་པ་རེད།
༢༠༡༤ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ནས་ཡིན་པའི་ཨ་ཉྭ་སེང་སྒྲ་ལགས་ཀྱི་སྣེ་ཁྲིད་འོག་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར། རྒྱ་ནག་གཞུང་གིས་སྤྱི་ཚོགས་ཟིང་སློང་དང་སྤྱི་ཚོགས་དཀྲུག་རྐྱེན་བསླང་བ་སོགས་ཀྱི་ཉེས་མིང་འོག་༢༠༡༩་ལོར་ཁོང་འཛིན་བཟུང་གིས་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ད་ལྟ་ཁོང་མུ་མཐུད་དུ་བཙོན་ཁང་དུ་ཡོད་པ་རེད།
ཡང་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས། བོད་ནང་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་སྟེང་ལ་ལས་འགུལ་སྤེལ་རྒྱུ་དེ་དམིགས་ཡུལ་དང་པོ་དེ་ཡིན་པའི་དགོངས་ཚུལ་བཏོན་ཞིང་། རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་ན་གཞོན་ཁོར་ཡུག་སྲུང་སྐྱོབ་པ་(Greta Thunberg)་ནང་བཞིན་བོད་མིའི་གཞོན་སྐྱེན་ཁྲོད་འདི་ལྟར་བསྐྱེད་བསྲིངས་གནང་ཐབས་དགོས་པ་དགོངས་འཆར་གསུངས་བ་དང་སྦྲགས། ཁོང་མོས་འབྱུང་འགྱུར་བོད་པའི་སློབ་གྲྭ་ཁག་ནང་དེ་འབྲེལ་ལས་འགུལ་སྤེལ་འཆར་ཡོད་པ་གསུངས་ཡོད་པ་རེད།
དེ་རིང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་སྤྱི་མོས་གྲོས་ཆོད་བཞག་པའི་དོན་ཚན་བཞི་པ་དེའི་ནང་། བོད་ཀྱི་ཁོར་ཡུག་སྤྱིའི་གལ་འགངས་དང་། ཁྱད་པར་བོད་ཀྱི་ཁོར་ཡུག་གིས་འཛམ་གླིང་སྤྱིའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཇི་ལྟར་བཟོ་མིན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་ཁག་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་སྙན་ཐོ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྐབས་འདོན་ཐབས་སུ་གཞུང་མང་གཉིས་ནས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན་པ་འཁོད་འདུག
རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཡང་གཏོར་སྐྱོན་ཤུགས་ཆེ་བཏང་ཡོད་པ་འཛམ་གླིང་ནང་གི་ཁོར་ཡུག་དོན་གཉེར་བ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ནི་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཀྱི་རྗེས། གཏན་འཁྱགས་མང་ཤོས་ཡོད་སའི་ས་ཁུལ་དེ་ཡིན་སྟབས། འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ཁོར་ཡུག་ཞིབ་འཇུག་པ་དང་དེ་བཞིན་རྒྱལ་སྤྱིའི་ནང་གི་འཁྱགས་རོམ་ཞིབ་འཇུག་པ་མང་པོས། བོད་ཀྱི་འཁྱགས་རོམ་མྱུར་ཚད་ཧ་ཅང་ཐོན་པོའི་ཐོག་ནས་ཞུར་བཞིན་པ་དེས་འཛམ་གླིང་སྤྱིའི་ཚ་དྲོད་རྒྱས་བཞིན་པ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་བརྗོད་བཞིན་ཡོད་པ་རེད།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་པའི་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།