ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་གཏན་འབེབས་གནས་སྐབས་ཕར་འགྱངས་གནང་དགོས་བྱུང་འདུག

2022.03.23
Share on WhatsApp
Share on WhatsApp
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་གཏན་འབེབས་གནས་སྐབས་ཕར་འགྱངས་གནང་དགོས་བྱུང་འདུག སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས། ༠༣།༢༣།༢༢
Tibettv

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པ་སྟེ་ཕྱི་ཟླ་༣ཚེས་༢༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢ནས་༢༣ལོའི་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་གནང་བར། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལན་འདེབས་གསལ་བཤད་ཟིན་པའི་རྗེས། མུ་མཐུད་དུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་བགྲོ་གླེང་དང་གཏན་འབེབས་སྐབས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༡་༠༤༢༡༡༠སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་རེད། འོན་ཀྱང་དེའི་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་ཧིན་སྒོར་ས་ཡ་༡་༤༥༠༩༡༦དེ་གཏན་འབེབས་གནང་སྐབས། སྤྱི་འཐུས་ཁག་ཅིག་ནས་ད་ལྟའི་ཆེས་མཐོའི་ཁྲིམས་ཁང་ནང་ཡོད་པའི་ཁྲིམས་ཞིབ་པ་གཉིས་ནི་ཁྲིམས་འགལ་ཡིན་སྟབས། ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་དེར་ངོས་ལེན་མེད་ལུགས་སོགས་བརྗོད་ཅིང་། དེར་སྤྱི་འཐུས་ཁག་ཅིག་ནས་གྲོས་ཚོགས་སྔོན་མའི་སྐབས་ཁྲིམས་ཞིབ་པ་གསུམ་ཀ་དུས་ཅིག་ཏུ་གནས་དབྱུངས་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩པ་དང་འབྲེལ་བའི་གནད་དོན་ཁག་གྲོས་ཚོགས་ནང་གླེང་ན་འགྲིག་གི་མེད་ཚུལ་སོགས་དགག་ལན་བྱུང་སྟེ། ཕན་ཚུན་བགྲོ་གླེང་སྣ་ཚོགས་བྱུང་བར་བརྟེན། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཆེས་མཐོའི་ཁྲིམས་ཞིབ་པ་ཁང་གི་ངེས་ཅན་འགྲོ་གྲོན་གཏན་འབེབས་གནང་རྒྱུ་གནས་སྐབས་ཕར་འགྱངས་གནང་རྒྱུ་ཡིན་པ་ཐག་གཅོད་གནང་དགོས་ཆགས་ཡོད་པ་རེད།
བར་ལམ་གསར་དུ་བསྐྱར་བཅོས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་གི་དོན་ཚན་༥༢པའི་ནང་གསེང་༢པའི་༼ག༽པའི་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཐོབ་ཐང་ཁག་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཡོང་འབབ་ནས་གཏོང་དགོས་ངེས་ཅན་གྱི་འགྲོ་གྲོན་ཁོངས་སུ་ཡིན་པ་ཁ་གསལ་འཁོད་འདུག
དེ་མིན་སྤྱི་འཐུས་ཀྱི་སྔོན་རྩིས་གྲོས་ཚོགས་སྐབས། བཀའ་དྲུང་ཡིག་ཚང་གི་རྩིས་ལོ་༢༠༢༢་ནས་༢༣ལོའི་རྒྱུན་གྲོན་ཐོག་བགྲོ་གླེང་དང་གཏན་འབེབས་སྐབས། སྤྱི་འཐུས་ཁག་ཅིག་ནས་ཉེ་ལམ་ས་གནས་ཁག་ཏུ་གཞུང་འབྲེལ་སྐོར་བསྐྱོད་སྐབས་ས་གནས་མི་མང་གི་གནས་སྟངས་དང་དཀའ་ངལ་སྐོར་གླེང་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འབྱུང་འགྱུར་ལོ་གསུམ་བཞི་ནང་ཚུད་ལ་བཀའ་ཤག་གི་འཆར་གཞི་གཞིར་བཟུང་ལས་གཞི་སྤེལ་ཐུབ་པ་ཡིན་ན། མི་མང་ནས་དཀའ་ངལ་ཞུ་འབོད་ཀྱི་གནས་བབས་ཉུང་དུ་འགྲོ་བའི་རེ་བ་གནང་གི་ཡོད་པ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། འདས་པའི་ཟླ་བ་འགའ་ཤས་ནང་ཕྱི་དྲིལ་ལས་ཁུངས་ནང་ཆོད་གན་ལས་བྱེད་ན་གཞོན་བརྒྱད་དུས་གཅིག་ལ་དགོངས་པ་ཞུས་པ་དེ་རྒྱུ་མཚན་གང་ཡིན་མིན་ཐད་གསལ་བཤད་དགོས་པའི་དགོངས་ཚུལ་བཏོན་པར། སྲིད་སྐྱོང་མཆོག་གིས། ད་ལྟའི་སྤྱི་ཚོགས་ཁྲོད་ཕྱི་དྲིལ་ལས་ཁུངས་ནས་ལས་བྱེད་མང་པོ་ཞིག་རྩ་དགོངས་པ་ཞུས་ཡོད་ཚུལ་གླེང་སློང་གནང་གི་ཡོད་པ་དེ་དཀྲོག་གཏམ་ཡིན་པ་མ་ཟད། ཆོད་གན་ལས་བྱེད་དྲུག་ཡོད་པ་དེ་དག་ལ་ལས་སྣེ་གཞན་ལ་བཀོད་སྒྲིག་བྱས་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གསུམ་པ་དང་བསྟུན། སྤྱི་འཐུས་རྣམ་པའི་བར་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འཆར་འདུག་ཅིང་། ཡིག་ཆ་ཨང་༣༩པ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཚོ་དང་འབྲེལ་བའི་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།