གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཐད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་གྲོས་ཚོགས་ནང་ཐག་ཆོད་བྱུང་འདུག

2022.03.31
Share on WhatsApp
Share on WhatsApp
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཐད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་གྲོས་ཚོགས་ནང་ཐག་ཆོད་བྱུང་འདུག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས།
tibet.net

བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་༣དེ། སྤྱི་ཟླ་༣པའི་ཚེས་༣༡ཉིན་མཇུག་བསྡོམས་གནང་ཡོད་པ་དང་། མཐའ་དོན་གྲོས་ཚོགས་སུ་གཏོང་ལེན་ཁྲིམས་ཡིག་ཡིག་ཆ་ཨང་༣༢པ་རྩིས་ལོ་༢༠༢༢ནས་རྩིས་ལོ་༢༠༢༣བར་སྔོན་རྩིས་གཏན་འབེབས་གནང་བ། སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་སྙན་སྒྲོན་གནང་བར། སྔོན་རྩིས་མ་དངུལ་ནས་ཡོང་འཆར་སྒོར་བསྡོམས་ས་ཡ་གཉིས་སྟོང་གཉིས་བརྒྱ་ཉི་ཤུ་རྩ་དགུ་དང་དགུ་འབུམ་ཆིག་ཁྲི་སྟོང་མེད་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་ཁྲོལ་ཡོང་འཆར་བསྡོམས་ས་ཡ་ལྔ་བཅུ་དང་བརྒྱད་འབུམ་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་གསུམ་ཡིན་པ་དང་། ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་གཉིས་སྟོང་ཉི་ཤུ་རྩ་གཉིས་དང་རྩ་གསུམ་གྱི་ལས་ཁུངས་མ་ལག་དང་བཅས་པའི་དགོས་ངེས་སྔོན་རྩིས་བཀའ་ཁྲོལ་ལས། འགྲོ་འཆར་སྔོན་རྩིས་བཀའ་ཁྲོལ་ནི་བསྡོམས་ས་ཡ་གཉིས་སྟོང་ལྔ་བརྒྱ་བཞི་ཅུ་ཞེ་གཉིས་དང་གཉིས་འབུམ་གཅིག་ཁྲི་ལྔ་སྟོང་བདུན་བརྒྱ་བཞི་བཅུ་ཞེ་དགུ་དང་། ཕྱོགས་བསྡོམས་མ་དངུལ་དུ་མ་ཚུད་པའི་བཀའ་ཁྲོལ་ཁག་ནི་ས་ཡ་བཞི་བཅུ་ཞེ་དྲུག་དང་བདུན་འབུམ་དྲུག་ཁྲི་བཞི་སྟོང་བརྒྱ་དང་བཞི་བཅུ་ཞེ་ལྔ་གཏན་འབེབས་གནང་སོང་།
གྲོས་ཚོགས་མཇུག་བསྡོམས་ཀྱི་གསུང་བཤད་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གནང་སྐབས། གྲོས་ཚོགས་སུ་བོད་ཀྱི་ཁོར་ཡུག་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་བཞག་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་གསལ་བོ་བཟོ་ཐུབ་པ། བཀའ་ཤག་གིས་གྲོས་ཚོགས་སུ་གསལ་བཤད་གནང་བ་སོགས་གལ་ཆེན་ཡིན་པ་གསུང་བ་དང་འབྲེལ། ཞན་ཆ་གཅིག་གི་ཕྱོགས་ནས་གྲོས་ཚོགས་སུ་ཚིག་རྩུབ་དང་གཏམ་དཔེ་སོགས་ལ་བརྟེན་ནས་ལས་རིམ་རྣམ་གཞག་ཡོང་གི་འདུག་པས། བོད་སྤྱི་པ་དང་གྲོས་ཚོགས་ཀྱི་ཆེ་མཐོང་ལ་དམིགས་ནས་མ་འོངས་འགན་ཁུར་བཞེས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཡང་ད་ལན་གྱི་གྲོས་ཚོགས་སུ་གནད་དོན་གལ་གནད་ཁག་ཅིག་ནི། སྤྱི་ཚེས་༣༠ཉིན་གྲོས་ཚོགས་ཀྱི་ལས་ཉིན་དགུ་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༢༣པ་དེ་སྒྲོག་སྦྱང་གནང་ཡོད་ནའང་། སྤྱི་འཐུས་ཁག་ཅིག་ནས་དེར་འགག་པ་གནང་རྐྱེན་སྤྱི་འཐུས་ཚོགས་གཙོ་མཆོག་གིས། གྲོས་ཚོགས་ནང་འོས་བསྡུ་གནང་བ་བརྒྱུད། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་མ་ཐོབ་པར་བརྟེན། བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༢༣པ་དེ་མར་ཟགས་ཡོད་པ་རེད།
ཡང་སྤྱི་ཟླ་༣པའི་ཚེས་༢༩ཉིན་གྲོས་ཚོགས་སུ་བཀའ་ཤག་གིས་ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་གསལ་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས་རྒྱ་ནག་སྲིད་འཛིན་གྱི་མཚན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་གསུང་བའི་ཐད། སྤྱི་འཐུས་ཁག་ཅིག་གི་དྲི་བ་ལ་ལན་འདེབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སྤྱི་ཚེས་༣༡ཉིན་གནང་སྐབས། ཡིག་ཆ་དེ་ནི་བོད་རྒྱ་འབྲེལ་མོལ་གྱི་སྐད་ཆ་མིན་པར། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དེ་རིགས་ཀྱིས། བོད་མི་དང་རྒྱ་ནག་གཞུང་ལ་ཕན་ཐོགས་མེད་པ་གོ་བརྡ་སྤྲོད་ཀྱི་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།
གཞན་ཡང་གྲོས་ཚོགས་ལས་ཉིན་མཐའ་མ་དེར་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ། རྒྱུན་མཐུད་ལས་དོན་བྱེད་ཐུབ་མིན་སྐོར་ལ་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་པར་དགག་པ་རྒྱག་མཁན་སྤྱི་འཐུས་༡དང་། རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༣༣བྱུང་ནས་མང་མོས་ཀྱི་ཐོག་ནས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།
ད་རེས་གྲོས་ཚོགས་འདི་ནི་གཙོ་བོ་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་ནའང་། ཞོར་དུ་ཁྲིམས་སྒྲིག་ཁག་ཅིག་བསྐྱར་བཅོས་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།