༧གོང་ས་མཆོག་གི་བཀའ་ཡིག་ཞུས་རྗེས་བདམས་ཐོན་སྤྱི་འཐུས་རྣམ་པ་ཡང་བསྐྱར་ལྷན་འཛོམས་གནང་འཆཪ་འདུག

2021-10-06
Share
༧གོང་ས་མཆོག་གི་བཀའ་ཡིག་ཞུས་རྗེས་བདམས་ཐོན་སྤྱི་འཐུས་རྣམ་པ་ཡང་བསྐྱར་ལྷན་འཛོམས་གནང་འཆཪ་འདུག བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་སྐབས། ༩།༢༨།༢༡
RFA/Dhasa

སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་བར་དཀའ་རྙོག་སེལ་ཐབས་སླད་ཕྱི་ཟླ་༩་ནང་ཉིན་གཉིས་རིང་གི་ནང་མོལ་ཚོགས་འདུ་ཚོགས་ཀྱང་། འདུམ་འགྲིག་མ་ཐུབ་པར་བརྟེན་སྤྱི་ཟླ་༩་པའི་ཚེས་༢༩་ཉིན་གོང་ཞུས་བདམས་ཐོན་སྤྱི་འཐུས་རྣམ་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་པ་ལྟར། ཚེས་༦་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་ལན་བསྩལ་གནང་མཛད་པར་བརྟེན། བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུ་ཞིག་སང་ཉིན་ཕྱི་ཟླ་༡༠་ཚེས་༧་ཉིན་གནང་རྒྱུ་རེད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལན་ཕྱག་ཡིག་དེ་བདམས་ཐོན་སྤྱི་འཐུས་ཀྱི་ཚོགས་འདུའི་གཙོ་སྐྱོང་དུ་འོས་འདེམས་བྱུང་བ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྒྲོལ་མ་ཚེ་རིང་ལགས། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་རྣམ་པ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཆེད་བཅར་གྱིས་ཞུས་འདུག་ལ། བདམས་ཐོན་སྤྱི་འཐུས་༤༤་རེ་རེས་བཀའ་ཡིག་གི་ངོ་བཤུས་མཁོ་སྤྲོད་དགོས་པའི་ལམ་སྟོན་བྱུང་ཡོད་འདུག
དེ་སྔ་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་འབུལ་གྱི་དཀའ་རྙོག་སེལ་སླད། ཐབས་ལམ་མི་འདྲ་བ་ཁག་འགའ་ཤས་ཐོག་བགྲོ་གླེང་གནང་ཡོད་ཚོད་འདུག་པ་དང་། མཐའ་མ་དེ་བདམས་ཐོན་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱིས་གསང་བའི་འོས་འཕེན་གྱི་ལམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། བར་ལམ་གནས་ཚུལ་གྱི་བྱུང་རིམ་ཞིབ་ཕྲ་དང་ནང་མོལ་ཚོགས་འདུའི་ཐོག་ནས་ནང་ཁུལ་འགྲིག་ཐབས་ཀྱི་ཐབས་ལམ་གཞན་མ་བྱུང་བར་བརྟེན། ༧ལྷ་དགོངས་དྭངས་བ་དང་ལམ་སྟོན་བཀའ་སློབ་མ་ཞུས་ཐབས་མེད་ཀྱིས་བཀའ་སློབ་ཅི་ཕེབས་སྒྲུབ་རྒྱུའི་གསོལ་འདེབས་སྙན་སེང་སྒྲོན་རྒྱུར་ཐག་གཅོད་བྱུང་བ་གཞིར་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་སྙན་ཞུ་དེ་ཕུལ་བ་ཞིག་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།