རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་བོད་མི་༥༠༠༠ལྷག་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་སེལ་དགོས་པ་ནི་བལ་ཡུལ་ལ་ཡང་གལ་འགངས་ཆེན་པོ་ཆགས་ཡོད་པ། བལ་ཡུལ་གྱི་གཞུང་ཚབ་ཟུར་པ་འབུམ་རམས་པ་VijayKarnaལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

2022.05.23
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་བོད་མི་༥༠༠༠ལྷག་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་སེལ་དགོས་པ་ནི་བལ་ཡུལ་ལ་ཡང་གལ་འགངས་ཆེན་པོ་ཆགས་ཡོད་པ། བལ་ཡུལ་གྱི་གཞུང་ཚབ་ཟུར་པ་འབུམ་རམས་པ་VijayKarnaལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
Twitter - Uzra Zeya

ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་མཆོག་གིས་ཉིན་གྲངས་གསུམ་རིང་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་མུས་ཡིན་པ་ལྟར། སྤྱི་ཟླ་༥པའི་ཚེས་༢༢ཉིན་གྱི་སྔོ་དྲོ་ལྕམ་ཨཛ་ར་ཛི་ཡ་མཆོག་ནས་བལ་ཡུལ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་དང་། བོད་མིའི་སྒྲིག་འཛུགས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བལ་ཡུལ་ནང་གི་འབྲེལ་མཐུད་པ། བལ་ཡུལ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། རྣམ་རྒྱལ་སློབ་གྲྭའི་སློབ་སྤྱི། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གཞོན་པ། དེ་བཞིན་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་། བསོད་ནམས་ནོར་བུ་ལགས་སོགས་དང་ཐུག་འཕྲད་ཀྱིས།བལ་ཡུལ་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་གི་ཐོག་གྲོས་བསྡུར་གནང་ཡོད་པ་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གཞོན་པ་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་གཙོ་བོ་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་ཕེབས་འབྱོར་བྱུང་བའི་གནད་དོན་ཐོག། བལ་ཡུལ་གྱི་གཞུང་ཚབ་ཆེན་མོ་ཟུར་པ་འབུམ་རམས་པ་Vijay Karnaལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་ཕེབས་པ་དང་བསྟུན། བོད་མིའི་གནས་སྟངས་ཁག་རྒྱུས་ལོན་ཐུབ་པའི་རེ་བ་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ད་ལྟའི་ཆར་བལ་ཡུལ་ནང་བོད་མི་༥༠༠༠ལྷག་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་འཕྲད་བཞིན་པས། དེ་སེལ་དགོས་པ་ནི་བལ་ཡུལ་ལ་ཡང་གལ་འགངས་ཆེན་པོ་ཆགས་ཡོད། ཁོང་མོས་ད་རེས་གནད་དོན་དེ་བལ་ཡུལ་སྲིད་བློན་དང་ལྷན་གླེང་སློང་གིས་གྲུབ་འབྲས་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

འབུམ་རམས་པVijay་Karnaལགས་ནི་དེ་སྔོན་Denmarkནང་བལ་ཡུལ་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་མྱོང་ཡོད་འདུག་པ་དང་། ད་ལྟའི་ཆར་བལ་ཡུལ་Tribhuwan Universityགཙུག་ལག་སློབ་ཆེན་ནང་ཆབ་སྲིད་ཚན་རིག་གི་སློབ་དཔོན་གནང་མུས་ཡིན་འདུག བལ་ཡུལ་གྱི་སྲིད་བློན་Sher་Bahadu་Deuba་ལགས་ཀྱིས། ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཨཛ་ར་ཛི་ཡ་བལ་ཡུལ་དུ་སྣེ་ལེན་ཞུ་རྒྱུ་བྱུང་བར་དགའ་ཚོར་ཡོད་པ་ཁོང་རང་སྒེར་གྱི་Twitterདྲ་ངོས་སྟེང་གསུངས་འདུག་པ་མ་ཟད། ལྕམ་ཛི་ཡ་དང་ལྷན་དུ་ཨ་མི་རི་ཀ་དང་བལ་ཡུལ་གཉིས་དབར་གྱི་ཕྱི་འབྲེལ་དང་ཐུན་མོང་གི་བརྗོད་གཞི་ཁག་ཅིག་ཐོག་གོ་བསྡུར་གནང་ཡོད་པ་བཀོད་འདུག ཡང་ལྕམ་ཨཛ་ར་ཛི་ཡ་མཆོག་གིས། ༢༠༢༢ ལོ་འདི་ནི་ཨ་མི་རི་ཀ་དང་བལ་ཡུལ་གཉིས་དབར་ཕྱི་འབྲེལ་གསར་འཛུགས་བྱས་ནས་ལོ་ངོ་༧༥ཧྲིལ་པོ་འཁོར་བའི་ལོ་ཞིག་ཀྱང་ཡིན་པར་བརྟེན། མུ་མཐུད་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གོང་མཐོར་ཡོང་རྒྱུ་དང་། ཕན་ཚུན་མཉམ་ལས་ཀྱི་ཐོག་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་མང་གཙོ་བཅས་འཕེལ་རྒྱས་གཏོང་དགོས་པ་སོགས་ཁོང་མོའི་Twitterསྟེང་བཀོད་སྤེལ་བྱས་འདུག ཡང་བལ་ཡུལ་གྱི་གཞུང་ཚབ་ཆེན་མོ་ཟུར་པ་འབུམ་རམས་པ་VijayKarnaལགས་ཀྱིས། ད་རེས་ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་ཕེབས་ཏེ་འདིར་གནས་བཞུགས་བོད་མི་ཚོ་དང་ཐུག་འཕྲད་གནང་པ་དེས། རྒྱ་ནག་གཞུང་ལ་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་པ་མ་ཟད། ཁོང་མོའི་ངོས་ནས་ཀྱང་ངེས་པར་དུ་བརྡ་ལན་སྤྲོད་དགོས་ཀྱི་ཡོད་རེད། ད་ལྟ་བལ་ཡུལ་ནང་བོད་མི་ཚོར་གཞུང་འབྲེལ་ངོ་སྤྲོད་ལག་ཁྱེར་མེད་པའི་དཀའ་ངལ་སོགས་མང་དག་ཅིག་འཕྲད་བཞིན་ཡོད་པ་དེར་བལ་ཡུལ་གཞུང་ཕྱོགས་ནས་ཐུགས་ཁུར་བཞེས་རྒྱུ་དུས་ལ་བབ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྤྱི་ཟླ་༥པའི་ཚེས་༢༡ཉིན་གྱི་སྔ་དྲོ་ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་འཇོ་ལ་ཁེལ་དུ་ཕེབས་ཏེ་དེར་གནས་བཞུགས་བོད་མི་ཚོ་དང་ཐུགས་འཕྲད་ཀྱིས་བལ་ཡུལ་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། དེ་ཁུལ་གྱི་བོད་མི་ཚོར་བལ་ཡུལ་ནང་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པོ་ཡོད་པ་སོགས་ཀྱི་གནས་སྟངས་སྐོར་བོད་མི་ཚོས་ཁོང་མོར་ཞུ་འབོད་བྱས་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།