རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཧོང་ཀོང་ནང་སྒོ་རྒྱབ་ནས་གནས་སྤོར་བྱ་དགོས་བྱུང་འདུག

2021-10-25
Share
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཧོང་ཀོང་ནང་སྒོ་རྒྱབ་ནས་གནས་སྤོར་བྱ་དགོས་བྱུང་འདུག ཧོང་ཀོང་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་(Amnesty International)་ཡན་ལག་ལས་ཁང་། ༡༠།༢༥།༢༡
Reuters

འཛམ་གླིང་སྟེང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་སྒྲིག་འཛུགས་ཆེ་ཤོས་ཏེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་(Amnesty International)་ནས་འདི་ཚེས་༢༥་ཉིན་གློ་བུར་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། ཚོགས་པ་དེར་ཧོང་ཀོང་ནང་ཡན་ལག་ལས་ཁང་གཉིས་ཡོད་པ་དེ་ཟླ་འདིའི་ཚེས་༣༡་ཉིན་ནས་སྒོ་རྒྱག་རྒྱུ་ཡིན་པ་བརྗོད་འདུག
གསལ་བསྒྲགས་ནང་། ཧོང་ཀོང་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ལག་བསྟར་བྱས་བའི་གནོན་ཤུགས་འོག་ད་ལོའི་ལོ་མཇུག་བར་ཚོགས་པ་དེའི་ཧོང་ཀོང་གི་ཡག་ལག་ལས་ཁང་གཉིས་ཡོད་པ་དེ་སྒོ་རྒྱག་རྒྱུ་དང་། ལས་ཁང་ནས་ཟླ་བ་འདིའི་ཚེས་༣༡་ནས་བཟུང་ལས་དོན་མཚམས་འཇོག་བྱེད་རྒྱུ། ཡང་ལས་ཁང་དེའང་ཨེ་ཞི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གཞན་པའི་ནང་གནས་སྤོར་བྱེད་རྒྱུ་ཡིན་པ་བརྗོད་འདུག ཡིན་ནའང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་གཞན་དག་ནས་མིག་སྔའི་གནས་སྟངས་རྐྱེན་གནད་དོན་དེའི་ཐད་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་མེད་པ་དང་། ཐེ་ཝན་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནས་རྒྱལ་སྤྱིའི་སྟེང་གི་འགྲོ་བ་ཐོབ་ཐང་ཐད་ལས་དོན་གཉེར་མཁན་ཚོགས་པ་མང་པོ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཧོང་ཀོང་ནས་ཕྱིར་ཐོན་པ་དེར་བློ་འཚབ་ཡོད་པ་བརྗོད་འདུག
དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་གསལ་བསྒྲགས་སྤེལ་བའི་ནང་། ཧོང་ཀོང་ནི་ད་ལྟའི་བར་རྒྱལ་སྤྱིའི་སྤྱི་འབངས་སྒྲིག་འཛུགས་ཁག་གི་རྟེན་གཞི་བྱེད་ས་ཡག་པོ་ཞིག་ཡིན་ནའང་། ཉེ་བའི་རིང་ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ལས་བཟོ་བའི་ཚོགས་པར་དམིགས་པའི་ལས་དོན་དེ་དག་ལས་གྲོང་ཁྱེར་དེའི་ནང་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཐོག་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་གསལ་བོ་ཡིན་པ་བསྒྲགས་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།