ཨ་རིའི་རྩེད་འགྲན་པ་ཚོར་པེ་ཅིང་གི་རྩེད་འགྲན་རིང་སྲུང་སྐྱོབ་གྲ་སྒྲིག་དགོས་བའི་ནན་སྐུལ་བྱས་འདུག

2022.02.01
Share on WhatsApp
Share on WhatsApp
ཨ་རིའི་རྩེད་འགྲན་པ་ཚོར་པེ་ཅིང་གི་རྩེད་འགྲན་རིང་སྲུང་སྐྱོབ་གྲ་སྒྲིག་དགོས་བའི་ནན་སྐུལ་བྱས་འདུག པེ་ཅིང་གི་ཨོ་ལིམ་པིཀསི་རྩེད་འགྲན་བྱེད་སའི་འཁྱགས་ཤུད་རྩེད་ར་གྲ་སྒྲིག་བྱེད་བཞིན་པ། ༡།༣༠།༢༠༢༢
Reuters

གལ་སྲིད་པེ་ཅིང་གི་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ཨ་མི་རི་ཀའི་རྩེད་འགྲན་པ་ཚོས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་འབྲེལ་བའི་བཀའ་མོལ་གནང་བ་དང་། དེའི་ཐོག་རྒྱ་ནག་གཞུང་གིས་དམ་དྲག་བྱས་པ་ཡིན་ན་ཨ་མི་རི་ཀའི་ཨོ་ལིམ་པིཀསི་ཚོགས་ཆུང་གི་དཔོན་རིགས་རྣམས་ཀྱིས་ཁོང་ཚོའི་རང་དབང་སྲུང་སྐྱོབ་གནང་དགོས་པ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གསུང་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Jeff Merkley)་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(James McGovern)་རྣམ་གཉིས་ཀྱིས། ཨ་མི་རི་ཀའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཚོགས་ཆུང་ལ་ཕྱག་བྲིས་ཤིག་གནང་བ་དེའི་ནང་། ད་ཐེངས་ཀྱི་རྒྱ་ནག་གི་དགུན་དུས་ཀྱི་རྩེད་འགྲན་དེར་སྨྲ་བརྗོད་རང་དབང་ཐོག་ཉེན་ཚབས་ཡོད་པ་ཙམ་མ་ཟད། རྩེད་འགྲན་པ་ཚོའི་སྒེར་གྱི་ཁ་པར་ནང་གསང་འཛུལ་བྱེད་པའི་ཉེན་ཚབས་ཡོད་པ་དེ་ཛ་དྲག་ངང་སེལ་ཐབས་གནང་དགོས་པའི་སྐོར་ཕྱག་བྲིས་དེའི་ནང་བཀོད་གནང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ཀྱིས། དེ་སྔོན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཨ་མི་རི་ཀའི་མི་སེར་རྣམས་རྒྱ་ནག་ནས་ཕྱིར་ཐོན་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་མི་སྣ་ཁག་སྲིད་དོན་དང་རྒྱུ་མཚན་ཁུངས་འཕེར་མེད་པར་བཙོན་བཅུག་བྱས་པའི་གནས་ཚུལ་རིམ་པ་བྱུང་ཡོད། གལ་སྲིད་ད་རེས་ཨ་མི་རི་ཀའི་རྩེད་འགྲན་པ་རྣམས་ཀྱིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པར་ཉེས་ཆད་ཕོག་པ་ཡིན་ན། ཁོང་ཚོ་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་དང་། རྒྱལ་ཁབ་གཞན་ཁག་གི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་ཁག དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་བཅས་ནས་འཆར་གཞི་དང་ལྡན་པའི་གནང་ལུགས་གནང་སྟངས་ཁག་ད་ལྟ་ནས་གྲ་སྒྲིག་ཡོད་པ་གནང་དགོས་པ་གསུང་འདུག
ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནང་གནས་ཚུལ་གྱི་སྲུང་སྐྱོབ་ཐོག་ཉེན་ཚབས་ཡོད་སྟབས་པེ་ཅིང་གི་དགུན་དུས་ཀྱི་ཨོ་ལིམ་པིཀསི་རྩེད་འགྲན་སྐབས། རང་རང་སོ་སོའི་ལག་འཁྱེར་ཁ་པར་མཉམ་འཁྱེར་མི་བྱ་བའི་འབོད་བསྐུལ་གནང་ཡོད་པ་རེད་འདུག
ཡང་པེ་ཅིང་གི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་རྩེད་འགྲན་སྐབས། རྩེད་འགྲན་པ་དང་རྩེད་འགྲན་དང་འབྲེལ་བའི་མི་སྣ་རྣམས་ལ་ཏོག་དབྱིབས་ནད་ཡམས་ཡོད་མེད་བརྟག་དཔྱད་ཆེད་མཉེན་ཆས་ཞིག་ནང་འཇུག་བྱེད་དུ་འཇུག་བཞིན་པ་དེས་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་པའི་ཉེན་ཁ་ཡོད་པའི་སྐོར་མཉེན་ཆས་ཐོག་ཉམས་ཞིབ་གནང་མཁན་ཚོས་གསུང་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།