རྒྱ་དཀར་ནག་བར་གྱི་འཕགས་བོད་ས་མཚམས་ཀྱི་གྲོས་མོལ་ཐེངས་བཅུ་བཞི་བར་ཐག་གཅོད་གང་ཡང་བྱུང་མི་འདུག

2022-01-14
Share
རྒྱ་དཀར་ནག་བར་གྱི་འཕགས་བོད་ས་མཚམས་ཀྱི་གྲོས་མོལ་ཐེངས་བཅུ་བཞི་བར་ཐག་གཅོད་གང་ཡང་བྱུང་མི་འདུག
AP

རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་འགྱུར་བ་མ་བཏང་བར་དུ་ས་མཚམས་རྩོད་རྙོག་སེལ་བའི་གྲོས་མོལ་ཐད་གྲུབ་འབྲས་ཐོན་དཀའ་བ་རྒྱ་གར་གྱི་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་རྒྱ་དཀར་ནག་གཉིས་ཀྱི་འཕགས་བོད་ས་མཚམས་ཀྱི་དམག་དཔོན་རིམ་པའི་བར་ས་མཚམས་ཀྱི་གྲོས་མོལ་ཐེངས་༡༤་པ་བྱས་ཡོད་ཀྱང་། ས་མཚམས་ཀྱི་གནད་དོན་ཐད་གྲུབ་འབྲས་ལྡན་པའི་ཐག་གཅོད་གང་ཡང་བྱུང་མེད་པ་རེད་འདུག རྒྱ་གར་རྒྱལ་ས་ལྡི་ལིར་བརྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་ཇ་ཡ་དྷེ་ཝ་ར་ན་དྷེ་(JayadevaRanade)་ལགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་གིས་དེ་སྔ་ནས་གྲུབ་འབྲས་ཤིག་ཡོང་རྒྱུའི་བསམ་བློ་གང་ཡང་བཏང་མེད་པ་དང་། མ་འོངས་པར་རྒྱ་ནག་གི་ཕྱོགས་ནས་འགོ་ཁྲིད་ཚོས་བསམ་བློ་གཏོང་སྟངས་ལ་འགྱུར་བ་མ་བཏང་བ་ཡིན་ན། ས་མཚམས་རྩོད་རྙོག་སེལ་བའི་གྲོས་མོལ་ཐད་གྲུབ་འབྲས་གང་ཡང་མེད་པ་ཞིག་མཐོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། སྐུ་ཞབས་(JayadevaRanade)་ལགས་ཀྱིས། རྒྱ་གར་དབུས་གཞུང་གི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་གནང་མྱོང་བ་དང་། ད་ལྟའི་ཆར་རྒྱ་གར་རྒྱལ་སྲུང་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་ཡང་ཡིན་པ་རེད།
ས་མཚམས་ཀྱི་གྲོས་མོལ་དེ་བཞིན་ལ་དྭགས་ཆུ་ཤུལ་ས་གནས་སུ་འཚོགས་ཡོད་པ་དང་། གྲོས་མོལ་དེ་ཆུ་ཚོད་༡༣་ཙམ་རིང་འཚོགས་ནས་ཕྱོགས་གཉིས་ཀྱི་རྒྱལ་སྲུང་དང་ཕྱི་འབྲེལ་མི་སྣ་སོགས་མཉམ་ཞུགས་བྱས་ཡོད་པ་དང་། གྲོས་མོལ་ཚོགས་འདུའི་སྟེང་ལ་དྭགས་ཤར་ཕྱོགས་ས་ཁུལ་གྱི་ཆུ་ཚན་ཡོད་ས་དང་། དམག་གི་ལྟ་སྲུང་ས་ཚིགས་༡༥་མཚོན་པས་ཡུལ་གྲུ་གཉིས་བར་རྩོད་རྙོག་ཡོད་སའི་ས་ཁུལ་ཁག་ནས་རྒྱ་ནག་གི་དམག་མི་ཕྱིར་འཐེན་བྱ་རྒྱུར་གྲོས་བསྡུར་གནང་ཡོད་ཀྱང་མཇུག་འབྲས་གང་ཡང་སོན་མེད་པ་དང་། གནད་དོན་དེའི་ཐད་ལ་ཕྱོགས་གཉིས་ཀྱི་ངོས་ནས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གྲོས་མོལ་སྐབས་དམིགས་བསལ་ས་མཚམས་རྩོད་རྙོག་ཐད་ནས་འགྲིག་མཐུན་བྱུང་མེད་ན་ཡང་། མ་འོངས་པར་གྲོས་མོལ་མུ་མཐུད་རྒྱུ་དང་། ཐེངས་རྗེས་མའི་གྲོས་མོལ་མགྱོགས་མྱུར་འཚོགས་ཐབས་བྱ་རྒྱུ་སོགས་བཀོད་འདུག
གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སློབ་དཔོན་སྐུ་ཞབས་(BrahmaChellaney)་ལགས་ནས། སྒེར་གྱི་(twitter)་སྤྱི་ཚོགས་དྲ་བའི་སྟེང་། རྒྱ་ནག་དམར་ཤོག་ཚོགས་པ་དང་གྲོས་མོལ་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན། རྒྱ་ནག་གི་ངོས་ནས་གྲོས་མོལ་དེ་བཞིན་དུས་འགྱངས་བྱེད་ཐབས་དང་། མགོ་སྐོར་དང་གནོན་ཤུགས་གཏོང་ཐབས་ཁོ་ན་བྱེད་བཞིན་ཡོད་སྐོར་བཀོད་འདུག སྐུ་ཞབས་(BrahmaChellaney)་ལགས་དེ་སྔ་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཐབས་བྱུས་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་གནང་མྱོང་འདུག་པ་མ་ཟད། རྒྱ་གར་དབུས་གཞུང་གི་རྒྱལ་སྲུང་ལྷན་ཚོགས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་ཡོད་པ་རེད།
རྒྱ་ནག་དང་རྒྱ་གར་གྱི་མཐའ་སྲུང་དམག་མིའི་བར་༢༠༢༠་ལོའི་ཕྱི་ཟླ་༥་པའི་ཚེས་༥་ཉིན་ལ་དྭགས་སྤང་གོང་མཚོའི་འགྲམ་བརྒྱུད་དུ་གདོང་ཐུག་བྱུང་བ་དང་། ཕྱི་ལོ་༢༠༢༠་ཕྱི་ཟླ་༦་ཚེས་༡༥ ཉིན་དྭགས་ཀྱི་གྷལ་ཝན་(Galwan)་ལུང་གཤོངས་སུ་རྒྱ་གར་དང་རྒྱ་ནག་གི་ས་སྲུང་དམག་མིའི་བར་འཁྲུག་འཛིང་གི་དོན་རྐྱེན་བྱུང་ནས། རྒྱ་ནག་གི་དམག་མི་བཞི་དང་། རྒྱ་གར་གྱི་དམག་མི་༢༠་འདས་གྲོངས་སུ་གྱུར་རྗེས་རྒྱལ་ཁབ་གཉིས་བར་གྲོས་མོལ་ཐེངས་བཅུ་བཞི་བྱས་ཡོད་པ་རེད། སྐུ་ཞབས་(Jayadeva Ranade)་ལགས་ཀྱིས། རྒྱ་གར་ཕྱོགས་ནས་ཞི་བདེ་ཡོང་བའི་རེ་བ་བྱས་ཏེ་གྲོས་མོལ་མུ་མཐུད་དུ་བྱས་ཀྱང་། རྒྱ་ནག་གི་ཕྱོགས་ནས་ཐག་གཅོད་བྱེད་རྩིས་མེད་པར་༢༠༢༠་ལོའི་ཟླ་༥་པར་རྩོད་གཞི་མ་བྱུང་གོང་གི་ལངས་ཕྱོགས་སུ་ཕྱིར་མི་ལོག་དང་། ད་དུང་རྒྱ་ནག་ཕྱོགས་ནས་མུ་མཐུད་དམག་དཔུང་འགྲེམས་འཇོག་བྱེད་བཞིན་ཡོད་སྐོར་གསུང་བྱུང་།
ཐེངས་འདིར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་མ་འཚོགས་སྔོན་ལ། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་མ་(Jen་Psaki)་ལགས་ནས། གསལ་འགོད་གསལ་བསྒྲགས་དང་འབྲེལ། ཨ་རིའི་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐད་དོ་ནན་བྱེད་བཞིན་ཡོད་ལ། ཨ་རིའི་ངོས་ནས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་འཇིགས་སྐུལ་བཙན་འཛུལ་ཐབས་བྱེད་བཞིན་པར་བློ་ཚབ་ཡོད་ཅེས་བརྗོད་ཡོད་ན་ཡང་། རྒྱ་ནག་གིས་ཨ་རིའི་ཕྱོགས་ནས་ནམ་རྒྱུན་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་འཇིགས་སྐུལ་ཞེས་པ་ཞིག་བསྒྲགས་ནས། དོན་དངོས་སུ་ཨ་རིའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་བར་ནས་ཁེ་ཕན་ལེན་འདོད་བྱེད་བཞིན་པ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།