རྒྱ་གར་གཞུང་ནས་ཨ་རུ་ཎཱ་ཅལ་མངའ་སྡེའི་འཕགས་བོད་མཐའ་མཚམས་ཀྱི་གཞུང་ལམ་བཟོ་བསྐྲུན་བྱེད་བཞིན་པ།
རྒྱ་གར་དབུས་གཞུང་གིས་རྒྱ་གར་གྱི་སྒོར་མོ་རུ་པི་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བརྒྱད་ལྷག་བཏང་ནས་ཨ་རུ་ཎཱ་ཅལ་མངའ་སྡེའི་ཁོངས་ཀྱི་འཕགས་བོད་ས་མཚམས་ཀྱི་གཞུང་ལམ་སྤྱི་ལེ ༡༦༣༧ ཅན་ཞིག་བཟོ་བཞིན་པ་དང་། འཐབ་ཇུས་རང་བཞིན་ཅན་གྱི་གཞུང་ལམ་དེ་ཆ་ཚང་བཟོ་རྒྱུར་རྒྱ་གར་གྱི་སྒོར་མོ་རུ་པི་ཁྲག་ཁྲིག་ཆེན་མོ་བཞིའི་འགྲོ་སོང་གཏོང་དགོས་ཤིང་། བཟོ་བསྐྲུན་དེས་ས་ཁུལ ༡༢ ཀྱི་གྲོང་སྡེ ༡༦༨༣ ལམ་གཅིག་གི་སྦྲེལ་ནས་མཐའ་མཚམས་བདེ་འཇགས་བརྟན་བརླིང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་འཆར་ཡིན་པ་དང་། རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་འཆར་བཀོད་ལྟར་ན། ༢༠༢༧ ལོར་བཟོ་སྐྲུན་ཡོངས་སུ་འགྲུབ་རྒྱུ་ཡིན་པ་རེད།
རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་བཟོ་བཀོད་པ་དང་ Brahmank རྣམ་གྲངས་ལ་འགན་འཁུར་མཁན་སུ་བྷ་ཞི ཆན་དྷུ་ར ལུ་ནི་ཡ་ཡིས་ཨ་རུ་ཎཱ་ཅལ་མངའ་སྡེའི་གཞུང་ལམ ༩༡༣པ་དང ༡༩༨པ་གཉིས་ད་ལྟ་བཟོ་བཞིན་པའི་སྒང་ཡིན་ཞིང་། ༢༠༡༤ ལོའི་རྗེས་སུ་རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་གི་གཞུང་ལམ་བཟོ་སྐྲུན་དང་ཞིག་གསོའི་ཐད་ཀྱི་སྔོན་རྩིས་ལྡབ་གཅིག་འཕར་ཡོད་པ་དང་། Brahmank རྣམ་གྲངས་བཙུགས་རྗེས་སྤྱིའི་རིང་ཚད་སྤྱི་ལེ ༤༩༦ ཡོད་པའི་གཞུང་ལམ་མ་འདྲ་བ ༡༧ བཟོས་ཡོད་དང་། དེ་མིན་ཟམ་པ་ཆེ་ཆུང་ ༥༣བཟོས་གྲུབ་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག
གནས་ཚུལ་ནང་གསལ་བ་ལྟར་ན། Brahmank རྣམ་གྲངས་ཀྱིས་རྒྱ་གར་མཐའ་མཚམས་ཀྱི་དམག་དཔུང་དང་ཐུན་མོང་བཀོལ་སྤྱོད་གཉིས་གཞི་གཅིག་ལ་སྦྲེལ་བཞིན་ཡོད་པ་རེད།
༢༠༢༠ ལོའི་ཟླ ༦ པར་རྒྱ་གར་ལ་དྭགས་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་འཁྲུག་འཛིང་ཤོར་ནས་ཉུང་མཐར་ཡང་རྒྱ་གར་གྱི་དམག་མི ༢༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། དུས་དེ་ནས་བཟུང་རྒྱ་དཀར་ནག་གི་འབྲེལ་བ་ཇེ་སྡུག་ལ་སོང་ཡོད་འདུག།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།