འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གནང་འདུག

2022-01-03
Share
འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གནང་འདུག འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བསྒྲགས་གཏམ།
སྒྲིག་བཟོ།/RFA

འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་རྒྱལ་མཚམས་མེད་པའི་གཞུང་འབྲེལ་མ་ཡིན་པའི་རྩ་འཛུགས་ཤིག་སྟེ། དེ་ནི་ཁ་ཆེའི་གྲུབ་མཐའ་འདྲ་མིན་དང་བསམ་བློའི་གྲུབ་མཐའ་ཁག་གི་དབུ་ཁྲིད་ཀྱི་གྲུབ་པ་ཞིག་རེད། དེ་ཡང་ཉེ་ལམ་ལོ་སྔོན་མའི་ཕྱི་ཟླ་༡༢་ཚེས་༣༠་ཉིན་འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ཐུན་མོང་གིས་སྤེལ་བའི་གསལ་བསྒྲགས་ནང་། དུས་ནམ་ཡང་དཀོན་མཆོག་གིས་གཉའ་གནོན་མཁན་གྱི་ཅི་བྱས་འདི་བྱས་མཁྱེན་མེད་པར་མ་འདོད་ཅེས་ཁ་ཆེ་གསུང་རབ་ནང་གི་སྐད་ཆ་ཚན་པ་ཞིག་ལུངས་དྲངས་ནས། ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་གཉའ་གནོན་འོག་གི་ཡུ་གུར་ཁ་ཆེ་བར་རྒྱབ་སྐྱོར་ཡོད། རྒྱ་ནག་གཞུང་གིས་མུ་མཐུད་ནས་གཉའ་གནོན་དང་མནར་གཅོད། སྲིད་དབང་སྒེར་འཛིན་གྱི་ལམ་ནས་རྒྱ་ནག་ནང་གི་ཁ་ཆེ་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བཞིན་པར་ངོ་རྒོལ་ཡོད་ཅེས་དང་། དེ་མིན་ཡང་གསལ་བསྒྲགས་དེའི་ནང་། བླ་ན་མེད་པའི་(Najaf)་ཁ་ཆེ་ཆོས་ལུགས་སློབ་གླིང་དང་གྲགས་ཆེ་བའི་(Muftis)་ཡི་འདི་ག་ལྷན་ཚོགས་ལ་གནང་བའི་ཆོག་མཆན་བཞིན། འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་ཀྱིས་ ༢༠༢༢་ལོའི་པེ་ཅིང་དགུན་དུས་ཨོ་ལིམ་པིཀསི་(Olympics)་ཞུགས་རྒྱུར་མཐའ་གཅིག་ཏུ་དགག་བྱ་བྱས་པ་ཡིན། དེ་ནི་ཨོ་ལིམ་པིཀསི་གོ་སྒྲིག་ཚོགས་ཆུང་གིས་སྲིད་དབང་སྒེར་འཛིན་དང་གཉའ་གནོན་མཁན་གཞུང་ཞིག་ལ་ཞབས་ཞུ་ཞུ་བཞིན་ཡོད་པས་ཡིན་ཞེས་དང་། གཞན་ཡང་གསལ་བསྒྲགས་དེའི་ནང་། པེ་ཅིང་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་རྩ་མེད་དུ་བཏང་དང་གཏོང་བཞིན་པར་འགན་འཁུར་དགོས། གཞུང་དང་ཚོགས་པ། མི་སྒེར་མང་པོས་༢༠༢༢་ལོའི་པེ་ཅིང་ནང་ཨོ་ལིམ་པིཀསི་འཚོགས་རགྱུར་འགོག་རྒོལ་བྱས་པར་དགའ་བསུ་དང་རྒྱབ་སྐྱོར་ཡོད་པ་མ་ཟད། འཛམ་གླིང་ཁ་ཆེ་ཆོས་དཔོན་ལྷན་ཚོགས་དང་འཛམ་གླིང་ཡུ་གུར་བའི་ཚོགས་པ་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད་ལ། ཁ་ཆེ་བར་གནོད་འཚེ་ཐེབས་བཞིན་པའི་སྐབས་སུ་ཁོང་ཚོའི་བདེ་སྡུག་ལ་ཐུགས་ཁུར་གནང་བའི་དད་པ་ཅན་གྱི་དབུ་ཁྲིད་དང་ཆོས་ལུགས་རྩ་འཛུགས་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བཀོད་འདུག
གསལ་བསྒྲགས་དེ་ལྟར་ན། འཛམ་གླིང་ཁ་ཆེ་ཆོས་དཔོན་གྱི་གསལ་བསྒྲགས་ཡིག་ཆེ་དེ་འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་དང་གཞན་ཁ་ཆེ་ཆོས་ལུགས་ཀྱི་རྩ་འཛུགས་བདུན་ལ་ངོ་བཤུས་ཕུལ་ཡོད་འདུག
ཨ་མི་རི་ཀ་གཙོ་བོ་ཡིན་པའི་འཛམ་གླིང་ཤར་ནུབ་ཀྱི་དམངས་གཙོའི་རྒྱལ་ཁང་མང་པོས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱིས་མཚོན་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ཉེས་ཅད་གཅོད་ཆེད་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསིར་གཞུང་འབྲེལ་གྱི་མི་སྣ་གཅིག་ཀྱང་ཞུགས་རྒྱུ་མིན་ཚུལ་ཐག་གཅོད་དང་གསལ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།