རྒྱལ་སྤྱིའི་ཡུལ་ལུང་གང་སར་རྒྱ་ནག་ནང་ཨོ་རྩལ་རྩེད་འགྲན་འཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2022-01-04
Share
རྒྱལ་སྤྱིའི་ཡུལ་ལུང་གང་སར་རྒྱ་ནག་ནང་ཨོ་རྩལ་རྩེད་འགྲན་འཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
མཐུན་འགྱུར་པར་རིས།/RFA

རྒྱ་ནག་པེ་ཅིང་དུ་༢༠༢༢་ལོའི་དགུན་དུས་ཨོ་རྩལ་རྩེད་འགྲན་དངོས་སུ་འཚོགས་པར་དུས་ཡུན་ཟླ་བ་གཅིག་ལས་མེད་པའི་སྐབས་འདིར། འདི་ཚེས་༤་ཉིན་གོ་ལའི་ལས་འགུལ་ཉིན་མོ་(Global Day of Action)་ཞེས་རྒྱ་གར་གཙོས་རྒྱལ་ཁབ་ཁག་འདྲ་མིན་ནང་ཡོད་པའི་བོད་མི་དང་། ཡུ་གུར་བ། ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ཡུལ་ལུང་སོ་སོར་མཉམ་དུ་འཛོམས་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གཙོས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བརྟེན་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་བྱེད་རྒྱུའི་འོས་བབ་མེད་པའི་ངོ་རྒོལ་དང་། རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གོ་སྒྲིག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་མི་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་ལས་འགུལ་སྤེལ་ཡོད་པ་རེད།
ལས་འགུལ་དེ་རྒྱ་གར་དང་ནེའུ་ཛི་ལན་ཊི། ཐེ་ཝན། ཨོ་སི་ཁྲུ་ལི་ཡ། ཧྥ་རན་སུ། སུད་སི། ཨ་རི་སོགས་རྒྱལ་སྤྱིའི་ཡུལ་གྲུ་མང་པོའི་ནང་སྤེལ་ཡོད་དང་། ཨོ་སི་ཁྲུ་ལི་ཡའི་ནང་གི་ལས་འགུལ་ཐད་བོད་མི་མང་་སྤྱི་མཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་ཐེངས་ཀྱི་ལས་འགུལ་སྐབས་བོད་མི་གཙོས་ཡུ་གུར་བ་དང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་ལས་འགུལ་བ་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། ལས་འགུལ་བ་ཚོས་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་པར་ངོ་རྒོལ་དང་། ཨོ་སི་ཁྲུ་ལི་ཡའི་ངོས་ནས་ད་རེས་རྒྱ་ནག་གཞུང་གིས་མགྲོན་བདག་བྱས་བའི་རྩེད་འགྲན་ནང་གཞུང་འབྲེལ་མི་སྣ་གཏོང་མི་འོས་བ་དང་། ཡག་ཤོས་བྱུང་ན་རྩེད་འགྲན་པ་ཚོ་ཡང་མཉམ་ཞུགས་མི་འོས་བ་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་དང་གཞུང་གི་ཕྱི་འབྲེལ་བློན་ཆེན་བཅས་ལ་འབོད་སྐུལ་བྱས་ཡོད་པ་གསུང་བྱུང་།

5502f795-1e10-4d2b-9828-217cac5e4197.JPG
གཞན་ཧྥ་རན་སིའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཧྥ་རན་སིའི་ཨོ་ལིམ་པིཀསི་རྩེད་འགྲན་ལས་ཁུངས་མདུན་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་སོགས་ཕེབས་ནས་གཏམ་བཤད་སྤེལ་ཡོད་པ་རེད།

IMG_3549.jpg
སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ལས་འགུལ་བ་མང་པོ་འཛོམས་ནས་ངོ་རྒོལ་སྐད་འབོད་དང་། སུད་སའི་(Berne)་ཟམ་ཆེན་སྟེང་རྒྱ་ནག་ནང་འཚོགས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་དང་མཉམ་ཞུགས་མི་བྱེད་པའི་འཕྲེད་དར་བསྒྲེངས་ནས་ལས་འགུལ་སྤེལ་འདུག

protest against the 2022 Beijing Olympics .jpg

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གི་ཐོག་ནས། གཏམ་བརྗོད་ཀྱི་ལམ་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གོ་སྒྲིག་ཚོགས་པ་གཉིས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་ལས་འགུལ་སྤེལ་སོང་ལ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པ་ཚོར། ཐེངས་འདིའི་ལས་འགུལ་འདི་བརྒྱུད་ནས་དེ་སྔ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་དག་ད་ཆ་ཡོངས་སུ་འགལ་ཟླ་ཆགས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་དང་དབང་བསྒྱུར་འོག་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དེ་དག་རྒྱལ་སྤྱིའི་སྟེང་གསལ་སྟོན་བྱེད་རྒྱུ་དེ་ཡིན་ཞིང་། ལྷག་པར་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཨོ་ལིམ་པིཀསི་རྩེད་རིག་ཚོགས་པ། ཨོ་ལིམ་པིཀསིའི་སྦྱིན་བདག་དང་བཅས་པ། དེ་བཞིན་དམངས་གཙོ་དང་རང་དབང་ལ་དགའ་ཞེན་ཡོད་པའི་མི་ཚང་མས་ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་བྱ་རྒྱུའི་དགོས་འདུན་འདོན་རྒྱུའི་ལས་འགུལ་ཞིག་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
བོད་ནང་གི་གནས་སྟངས་ཧ་ཅང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། སྤྱི་ལོ་༢༠༢༠་ནས་བཟུང་རྒྱ་ནག་གཞུང་གིས་སྔར་ལས་ལྷག་པར་ས་གནས་བོད་མིའི་གྲངས་འབོར་ཉུང་དུ་གཏོང་བཞིན་ཡོད་པ་དང་། བོད་མིའི་ཆོས་དང་རིག་གཞུང་སོགས་རྩ་མེད་དུ་གཏོང་ཆེད་སྲིད་ཇུས་གསར་པ་དུ་མ་ཞིག་གཏན་འབེབས་བྱས་ཡོད་པ་དེ་ནི་བོད་མི་རིགས་ལ་ཧ་ཅང་གི་ཉེན་ཚབ་ཆེན་པོ་ཆགས་ཡོད་པ་རྒྱལ་ཁབ་མང་པོ་ཞིག་གིས་གཟིགས་ཏེ་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱས་དང་བྱེད་མུས་ཡིན་ཞིང་། རྒྱ་གར་གཞུང་གི་ངོས་ནས་ཀྱང་རྒྱ་ནག་ནང་འཚོགས་གཏན་འཁེལ་བའི་ཨོ་རྩལ་འགྲན་ཚོགས་ནང་གཞུང་འབྲེལ་མི་སྣ་མི་གཏོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

0a2908fc-762f-4ca2-a5fe-2081bc83e0bb.JPG
གཞན་ཡང་རྒྱལ་སྤྱིའི་ལས་འགུལ་གྱི་ཉིན་མོ་དང་བསྟུན། རྒྱ་གར་བྱང་ཕྱོགས་སྒང་ཏོག་ཁུལ་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་བཟུང་འབྲེལ་གྱིས། མཚན་རྟགས་བསྡུ་རུབ་ཀྱི་ལམ་ནས་༢༠༢༢་ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
ད་ལྟའི་ཆར་ཨ་རི་དང་། ལི་ཐུའུ་ཝེ་ནི་ཡ། ནེའུ་ཛི་ལན་ཊི། སེ་ཀོ་ལན་ཊི། སྦེལ་འཇམ། ཐེ་ཝན། ཨོ་སི་ཁྲུ་ལི་ཡ། དབྱིན་ཡུལ། ཁེ་ན་ཊ ཁོསི་ཝོ་བཅས་ཀྱིས། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་མངགས་གཏོང་མི་བྱེད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་ཕྱོགས་མཚུངས། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གཞན་ཚོས་ཀྱང་འདི་ལྟར་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་བསྒྲགས་གཏམ་ནང་འཁོད་འདུག

  • Calgary.jpeg
    ཁེ་ཎ་ཌའི་གྲོང་ཁྱེར་ཀལ་གེ་རི་ནང་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

གསར་འགོད་པ། བློ་བཟང་དགེ་ལེགས། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།