རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ནང་ཨ་རིའི་གཞུང་འབྲེལ་མི་སྣ་གཏོང་འཆར་མེད་པའི་གླེང་སློང་ཡོང་བཞིན་འདུག

2021-11-17
Share
རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ནང་ཨ་རིའི་གཞུང་འབྲེལ་མི་སྣ་གཏོང་འཆར་མེད་པའི་གླེང་སློང་ཡོང་བཞིན་འདུག ཨ་རིའི་སྲིད་འཛིན་(Biden)་དང་རྒྱ་ནག་གི་སྲིད་འཛིན་གཉིས་དྲ་ལམ་གྱི་མཇལ་མོལ་དང་པོའི་སྐབས། ༡༡།༡༥།༢༡
AFP

དེ་ཡང་ཝ་ཤིན་ཊོན་ཕོ་ཉ་(The Washington Post)་ཞེས་པའི་གསར་ཤོག་གིས་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། ཨ་རི་གཞུང་གིས་ཨ་རིའི་སྲིད་འཛིན་(Biden)་དང་གཞན་གཞུང་འབྲེལ་དཔོན་རིགས་སུའང་རྒྱ་ནག་པེ་ཅིང་དུ་ཚོགས་རྒྱུའི་༢༠༢༢་ལོའི་དགུན་དུས་ ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མིན་པའི་གསལ་བསྒྲགས་གང་མགྱོགས་སྤེལ་འཆར་ཡོད་ལུགས་བཀོད་པ་ཟད། ཐག་ཆོད་དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅིང་མངའ་ཁུལ་གྱི་ཡུ་གུར་མི་རིགས་ཚོའི་ཐོག་སྤེལ་བཞིན་པའི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་དེར་གདོང་ལེན་བྱེད་པ་ཞིག་ཡིན་པ་རེད་ཞེས་བཀོད་པ་དང་ཆབས་ཅིག ཨ་རིའི་རྩེད་འགྲན་པ་ཚོ་མཉམ་ཞུགས་བྱེད་འཇུག་དགོས་ལུགས་ཀྱང་བཀོད་ཡོད་པ་བཅས་གང་ལྟར་ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་མཉམ་ཞུགས་མི་གནང་རྒྱུའི་ཐག་ཆོད་དེ་ནི་སྲིད་འཛིན་མཆོག་ལ་སློབ་སྟོན་འབུལ་མཁན་ཚོས་ཤུགས་རྐྱེན་སྤྲད་པ་ཞིག་ཡིན་ལུགས་དཔྱད་ཞིབ་བྱས་འདུག
གོང་ཞུས་གནས་ཚུལ་དེའི་ཐོག་གསར་འགོད་པས་འདི་ཚེས་༡༦་ཉིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པར་བཅར་འདྲི་ཞུས་པའི་སྐབས། གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་དྲ་ཐོག་ནས་བཀའ་མོལ་གནང་བའི་སྐབས་འདིའི་སྐོར་གླེང་སློང་གང་ཡང་བྱུང་ཡོད་མ་རེད་ཅེས་བཀའ་ལན་གནང་ཡོད་པ་རེད། ཡིན་ནའང་འདི་ལྟ་བུའི་འཆར་གཞི་ཡོད་པ་ཡིན་ན་དེ་ནི་དགའ་བསུ་འོས་པ་ཞིག་རེད་ཅེས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་དགོངས་ཚུལ་གསུངས་ཡོད་པ་རེད། དཔེར་ན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Mitt Romney)་ལགས་ཀྱིས། ངོས་རང་གིས་འདི་ལྟབུའི་ཐག་ཆོད་ཞིག་ཡོང་རྒྱུར་འབོད་སྐུལ་བྱེད་བཞིན་ཡོད་ལ་གཞུང་འབྲེལ་གྱི་ཐོག་ནས་འདི་ལྟ་བུའི་བརྡ་ལན་ཞིག་རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་ངེས་པར་གཏོང་དགོས་ཀྱི་འདུག་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Jim Risch)་ལགས་ནས་ཀྱང་འདི་ལྟར་བརྡ་ལན་ཞིག་སྤྲོད་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་ཅེས་གསུངས་འདུག ལྷག་པར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་ལོ་འདིའི་ཕྱི་ཟླ་ལྔ་པ་ནས་བཟུང་ཨ་རིའི་ངོས་ནས་གཞུང་འབྲེལ་མི་སྣ་རྒྱ་ནག་ལ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་ཕྱིར་འཐེན་དགོས་ལུགས་གསུངས་བཞིན་པར་རྒྱ་ནག་གཞུང་གིས་ཁོང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།