ཨ་རིའི་ཕྱི་འབྲེལ་མི་སྣ་ཨོ་རྩལ་འགྲན་ཚོགས་ཐོག་ཕེབས་རྒྱུ་མིན་པའི་ཐག་གཅོད་དེར་ལྕམ་ནེན་སི་པོ་ལོ་སི་ལགས་ཀྱིས་དགའ་བསུ་གནང་འདུག

2021-12-07
Share
ཨ་རིའི་ཕྱི་འབྲེལ་མི་སྣ་ཨོ་རྩལ་འགྲན་ཚོགས་ཐོག་ཕེབས་རྒྱུ་མིན་པའི་ཐག་གཅོད་དེར་ལྕམ་ནེན་སི་པོ་ལོ་སི་ལགས་ཀྱིས་དགའ་བསུ་གནང་འདུག ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས
Reuters

སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་བཞིན་རྒྱ་ནག་པེ་ཅིན་དུ་ཚོགས་རྒྱུར་ཉིན་གྲངས་༥༩་ཙམ་ལས་ལྷག་མེད་པའི་དུས་སྐབས་འདིར། འདི་ཚེས་༦་ཉིན་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་(Jen Psaki)་ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན། སྲིད་འཛིན་སྦཡེ་ཌེན་སྲིད་གཞུང་གི་ངོས་ནས་༢༠༢༢་ལོའི་སྤྱི་ཟླ་༢་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་མངགས་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་གསལ་བསྒྲགས་གནང་བར། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས་ཀྱིས་དགའ་བསུའི་སྤྱི་བསྒྲགས་སྤེལ་འདུག
ཚེས་དྲུག་འཁོད་པའི་སྤྱི་བསྒྲགས་དེའི་ནང་ཁོང་གིས། ངོས་རང་གིས་འདི་ལོའི་སྤྱི་ཟླ་ལྔ་བ་ཙམ་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྐབས། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་ཕེབས་རྒྱུ་མེད་ལུགས་ཞུས་པ་ལྟར། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཡུ་གུར་མི་རིགས་ཚོའི་ཐོག་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་དང་། བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པ། དེ་བཞིན་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་པོའི་ནང་ལའང་གཞི་རྩའི་རང་དབང་མེད་པའི་སྲིད་བྱུས་འཛིན་བཞིན་པ་བཅས་ཀྱི་གནས་སྟངས་འོག་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་ལྟ་བུའི་སྡིངས་ཆ་སྤྲོད་རྒྱུའི་འོས་བབས་རྩ་བ་ནས་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྡོག་རྩ་ཆིག་སྒྲིལ་ངང་ནས་གདོང་ལེན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀོད་གནང་ནས་ད་རེས་ཨ་རིའི་སྲིད་འཛིན་མཆོག་གིས་ལངས་ཕྱོགས་འཛིན་སྟངས་ལ་དགའ་བསུ་ཞུས་གནང་འདུག
ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་། ཕྱི་ལོ་༡༩༩༣་ལོ་ནས་བཟུང་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་རྒྱུའི་འགྲན་རྩོད་ནང་ཞུགས་པའི་སྐབས་ནས་བཟུང་རྒྱ་ནག་ལ་འོས་བབས་མེད་ལུགས་ཞུས་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་བ་དང་སྦྲགས། མ་འོངས་པར་མུ་མཐུད་དུ་རྒྱ་ནག་གི་ཕྱོགས་ནས་གནས་སྟངས་ལ་འགྱུར་བ་མ་བཏང་བར་གྲོས་ཚོགས་ཀྱི་ངོས་ནས་ངོ་རྒོལ་གནང་རྒྱུ་ཡིན་ཞེས་གསུངས་ཏེ་རྒྱ་ནག་གི་བྱ་སྤྱོད་ལ་གཞིགས་པས་འདས་པའི་ལོ་གཉིས་ནང་། བོད་དང་ཧོང་ཀོང་། ཡུ་གུར་མི་རིགས་བཅས་པའི་གནད་དོན་ཐོག་རྒྱབ་སྐྱོར་དང་སྦྲགས་ཁྲིམས་གཞི་གཏན་འབེབས་གནང་ཡོད་པ་སོགས་གསུངས་ཡོད་པ་རེད།
དེ་བཞིན་ད་རེས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཨ་རིའི་གཞུང་གི་ཐག་གཅོད་དེར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱབ་སྐྱོར་དགའ་བསུ་ཞུས་གནང་བ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་། བོད་རང་བཙན་ལས་འགུལ། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས། ལྷོ་སོག་པོའི་རང་དབང་མཐུན་ཚོགས། ཧོང་ཀོང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཉི་ཤུ་རྩ་ལྔ་ཐུན་མོང་གིས་སྤྱི་བསྒྲགས་སྤེལ་ནས། ཐག་གཅོད་དེར་དགའ་བསུ་ཞུས་ནས་དེས་རྒྱལ་སྤྱིའི་ཐོག་བརྡ་ལན་ཡག་པོ་ཞིག་སྤྲད་གནང་ཡོད་རེད་ཅེས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཐོག་མི་སྤྱོད་ལས་འདས་བའི་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེ་ཚང་མས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ད་རེས་ཨ་རིའི་སྲིད་འཛིན་སྦཡེ་ཌེན་གྱི་ལངས་ཕྱོགས་དེར་ང་ཚོས་ཀྱང་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་ཀྱང་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བསྐོངས་ཚོགས་ཕྱིར་འཐེན་ཡོང་ཐབས་སུ་མུ་མཐུད་དུ་ལས་འགུལ་སྤེལ་གྱི་ཡིན་ཞེས་བཀོད་ཡོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།