རྒྱ་ནག་གཞུང་གིས་བྲག་འགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བར་ཨ་མི་རི་ཀས་བློ་འཚབ་ཡོད་ཟེར།

2022-01-07
Share
བྲག་འགོ་ནས་སྐུ་བརྙན་མ་གཏོར་གོང་དང་གཏོར་ཟིན་པའི་རྗེས་ཀྱི་རྣམ་པ་བར་སྣང་ནས་བླངས་བའི་པར་རིས།
སྒྲིག་བཟོ།/RFA

ཉེ་ལམ་བྲག་འགོ་ཕྱོགས་ཀྱི་གནད་དོན་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་ཡིག་ཐོག་འདྲི་རྩད་བྱས་བར་མགྲིན་ཚབ་པ་ཞིག་གིས་འདི་ཚེས་༦ཉིན་ལན་འདེབས་གསལ་བཤད་གནང་པའི་ནང་། རྒྱ་ནག་གཞུང་གིས་སྟོན་པའི་སྐུ་བརྙན་དེ་གཏོར་བཤིག་བཏང་བའི་གནས་ཚུལ་ཐད་ང་ཚོར་བློ་འཚབ་ཆེན་པོ་བྱུང་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས་པ་དང་། བོད་ཀྱི་ཁོར་ཡུག་དང་། བོད་མིའི་གནའ་སྲོལ་གྱི་ངོ་བོ་མཚོན་པའི་ཆོས་དང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག་བཅས་པ་གཅེས་འཛིན་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་དུ་བྱེད་ཀྱི་ཡོད་ཅེས་དང་། ཨ་མི་རི་ཀའི་ངོས་ནས་མཐུན་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག དྲག་སྤྱོད་སྤེལ་བཞིན་པའི་གནས་ཚུལ་མཚམས་འཇོག་བྱེད་ཐབས་དང་། བོད་དང་རྒྱ་ནག་གཞུང་གི་བར་ལ་ཡོད་པའི་མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་བོད་མི་སྐུ་ཚབ་མཉམ་སྔོན་འགྲོའི་ཆ་རྐྱེན་མེད་པར་བསྐྱར་དུ་གྲོས་མོལ་ཐོག་ལ་ཕྱིར་ལོག་ཡོང་བར་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡིན་ཞེས་གསུངས་འདུག


བྲག་འགོ་རྫོང་ཁོངས་སུ་ཡོད་པའི་སྟོན་པའི་སྐུ་བརྙན་དེ་བཞིན་རྒྱ་ནག་གཞུང་གིས་གཏན་འབེབས་ཚད་གཞི་ལས་བརྒལ་ཡོད་པར་བརྗོད་དེ། ཕྱི་ཟླ་༡༢་ཚེས་༡༢་ནས་ཉིན་དགུའི་རིང་གཏོར་བཤིག་བཏང་པ་མ་ཟད། སྐབས་དེར་བྲག་འགོ་རྫོང་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་དང་ཆུ་དབར་གྲོང་སྡེའི་ཡུལ་མི། དེ་བཞིན་སྡེ་བ་གཞན་ནས་བོད་མི་མང་པོ་བཙན་ཤེད་ཐོག་འབོད་འགུག་བྱས་ཏེ་གཏོར་བཤིག་གཏོང་སར་ལྟ་རུ་བཅུག་ཡོད་འདུག
ད་ལྟ་གནས་ཚུལ་ལྟར་ན། སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བའི་གནས་ཚུལ་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ནང་ཐོན་རྗེས། ཡུལ་དེའི་དགའ་ལྡན་རྣམ་རྒྱལ་གླིང་དགོན་གྲོང་གཉིས་ནས་བོད་མི་༡༡་ཙམ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས། གནས་ཚུལ་ཕྱི་ཕྱོགས་སུ་སྤྲོད་མཁན་རྩད་གཅོད་དང་མཉམ་རྡུང་རྡེག་འཇིགས་སྐུལ་སོགས་བྱེད་བཞིན་ཡོད་འདུག
དེ་བཞིན་བྲག་འགོའི་གནས་ཚུལ་ཐད་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་འགན་འཛིན་ལྕམ་སོ་ཕི་རི་ཅརཌི་སན་(Sophie Richardson)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྟོན་པའི་སྐུ་བརྙན་གཏོར་བཤིག་གི་གནས་ཚུལ་བྱུང་རིམ་དེ་བརྒྱུད། རྒྱ་ནག་གི་སྲིད་དབང་སྒེར་འཛིན་གཞུང་གིས་དབང་ཆ་ཡོངས་རྫོགས་བདག་བཟུང་བྱས་ཏེ། སྤྱི་དམངས་སྤྱི་ཚོགས་ལ་སྣང་ཆུང་རྩིས་མེད་བྱེད་བཞིན་པ་དང་། བྱ་སྤྱོད་དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་རྒྱ་ཆེར་ལག་བསྟར་འོག ཆོས་དད་ཅན་རྣམས་ཁྲིམས་སྒྲིག་གམ་རྩ་ཁྲིམས་ལ་རྒྱབ་རྟེན་བྱེད་ས་མེད་པར་གྱུར་བའི་རྣམ་པ་མཚོན་པ་ཞིག་རེད་ཅེས་གསུངས་བྱུང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།