རྒྱ་ནག་གཞུང་གིས་བྲག་འགོ་དགོན་པའི་གྲྭ་ཤག་ཁག་ཅིག་གཏོར་བཤིག་གཏོང་བཞིན་འདུག

2022.01.11
Share on WhatsApp
Share on WhatsApp

རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་ཡོད་པའི་བྲག་འགོ་དགོན་དགའ་ལྡན་རྣམ་རྒྱལ་གླིང་གི་དགོན་པའི་འདུ་ཁང་ཉེ་འགྲམ་དུ་ཡོད་པའི་བྱམས་ཁང་དེ་ཉེ་ལམ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་ཡོད་པ་ལྟར། ད་ཆ་དེའི་ཤུལ་གྱི་རྒྱབ་ཀྱི་གཡོན་ངོས་ནས་དགོན་པའི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང་། དེ་ནི་མེ་གསོད་བདེ་འཇགས་ཆེད་དགོན་པའི་ནང་དུ་མེ་གསོད་རླངས་འཁོར་འགྲོ་ས་ཡིན་ཞེས་དགོན་པའི་གཡས་གཡོན་གཉིས་ནས་ལམ་ཀ་བཟོ་དགོས་བ་བཤད་བཞིན་ཡོད་འདུག
དེའི་སྐོར་ནིའུ་ཡོག་ཏུ་གནས་བཞུགས་ཕ་ཡུལ་བྲག་འགོ་ནས་ཡིན་པའི་བོད་མི་ཞིག་གིས་ཁོང་གི་འབྲེལ་ཡོད་བོད་ནང་གི་ནང་མི་ཚོར་རྒྱ་ནག་གཞུང་གིས་སུན་བཙེར་མི་བྱེད་རྒྱུའི་ཆེད་དུ་མིང་འབོད་མ་གནང་བར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟའི་ཆར་བྲག་འགོ་རྫོང་དུ་དམ་དྲག་དང་མི་མང་ཐོག་བཙན་གནོན་བྱེད་བཞིན་པ་ལྟར། རྫོང་ནས་སྤྱི་ལེ་༤་ཙམ་གྱི་སར་ཡོད་པའི་ཉི་ཁོག་ལུང་བར་རྒྱ་ནག་གཞུང་གིས་༢༠༡༢་ཙམ་ལ་རྒྱ་དམག་སྡོད་སའི་ལས་ཁུངས་ཆེན་པོ་ཞིག་རྒྱབ་ཡོད་པ་དེའི་ཁང་བའི་ཕྱི་ལོགས་ཀྱི་མཚོན་མདོག་དམར་བོ་ཡིན་པ་དང་། བོད་མི་བཙན་བཟུང་བྱས་པ་རྣམས་དེར་ཁྲིད་ནས་མནར་གཅོད་གཏོང་གི་ཡོད་པས། ཁང་བ་དེ་ནི་བཀག་སྐྱིལ་ཁང་དང་ངལ་རྩོལ་རྭ་བ་ལྟ་བུ་ཞིག་རེད། ད་ལྟའི་ཆར་དེར་མི་གྲངས་བཅུ་གཉིས་ཙམ་ཤིག་བཀག་ཉར་བྱེད་བཞིན་པའི་ཁྲོད་དུ། དགོན་པའི་མཁན་པོ་པ་དགའ་དང་གྲྭ་ཉི་མ་དང་། གཞན་བུ་མོ་ཁ་ཤས་བཅས་བཀག་ཉར་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྲག་འགོ་རྫོང་དུ་ཡོད་པའི་གནས་ནང་དགོན་པའི་སྤྲུལ་སྐུའི་སྤུན་གྱི་སྲས་གཉིས་གཉིས་འཛིན་བཟུང་བྱས་ནས་རྟའུ་རྫོང་གི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པའི་གནས་ཚུལ་ཞིག་འགྲེལ་བརྗོད་བྱས་ཀྱང་། འགི་ག་རླུང་འཕྲིན་ཁང་གིས་དེའི་སྐོར་ལ་ཞིབ་ཚགས་གནས་ཚུལ་འཚོལ་བསྡུ་བྱེད་བཞིན་ཡོད།
ཉེ་བའི་ནང་རྒྱ་ནག་གཞུང་གིས་བྲག་འགོ་རྫོང་དུ་སློབ་གྲྭ་དང་། མ་ཎིའི་འཁོར་ལོ་༤༥་གཏོར་བ་དང་། དེ་བཞིན་དུ་སྟོན་པའི་སྐུ་བརྙན་དང་། བྱམས་ཁང་བཅས་གཏོར་བ་དང་། ད་ལྟའི་ཆར་དགོན་པའི་གྲྭ་ཤག་གཏོར་བཞིན་པའི་གནས་ཚུལ་ཁག་ཅིག་བྱུང་བ་བཞིན་པ་དེ་ནི་བོད་ནང་གི་བོད་མི་ཚོས་སེམས་ལ་བཟོད་ཐབས་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཟེར།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།