རྒྱ་ནག་གི་བཙན་ཐབས་ཀྱི་བྱ་སྤྱོད་དེར་སྐྱོན་བརྗོད་དང་བཅས་ངོ་རྒོལ་ཡོད་ཟེར།

2022-01-27
Share
རྒྱ་ནག་གི་བཙན་ཐབས་ཀྱི་བྱ་སྤྱོད་དེར་སྐྱོན་བརྗོད་དང་བཅས་ངོ་རྒོལ་ཡོད་ཟེར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

བོད་ནང་ལས་ཀ་འཚོལ་སྐབས་དང་ལས་བྱེད་གནས་སྤར་སོགས་ཀྱི་སྐབས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་འབྲེལ་བ་གཙང་བཅད་དགོས་བ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཙོ་བོར་བཞག་འདུག་ལ་དེ་བཞིན་སློབ་གྲྭ་དང་ལས་བྱེད་གནས་སྤར་སོགས་ཀྱི་ཆ་རྐྱེན་དུ་བསམ་བློའི་ལངས་ཕྱོགས་རྒྱ་ནག་གཞུང་གིས་བརྗོད་པའི་ཏཱ་ལའི་རུ་ཚོགས་ཟེར་བ་དང་འབྲེལ་བ་གཙང་བཅད་ཀྱིས། ཆབ་སྲིད་ཐོག་བློས་འཁེལ་ཆོག་པ་དགོས་རྒྱུ་འདི་ཨང་དང་པོར་བཞག་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ཕྱོགས་ནས་བོད་མི་ཡོངས་ཀྱི་མངོན་འདོད་སྒྲུབ་པར་ཤུགས་རྒྱག་དགོས་བ་མ་གཏོགས། དེ་ལས་ལྡོག་༧གོང་ས་མཆོག་ལ་དད་མོས་བྱེད་དུ་མ་བཅུག་པའི་ཐོག་འབྲེལ་བ་གཙང་གཅོད་དང་། ནང་ཆོས་དད་མོས་ལ་རྡོག་རོལ་སོགས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་ཐབས་བྱེད་བཞིན་པའི་བྱ་སྤྱོད་ངན་པ་དེས་ཕན་ཐོགས་གང་ཡང་ཡོང་གི་མ་རེད། དེ་བས་མ་འོངས་པར་བོད་ཀྱི་གནད་དོན་དེ་མ་སེལ་བར་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་ཐད་གདོང་ལེན་དགོས་པ་དེ་གསལ་བོ་ཡིན་པ་གསུངས་སོང་།
གཞན་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ནས། རྒྱ་ནག་གཞུང་གིས་ནམ་རྒྱུན་ཁ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ལག་ལེན་དངོས་ཀྱི་སྟེང་ནས་བོད་མི་ཚོས་ལས་ཀ་འཚོལ་བར་རང་གི་རྩ་བའི་བླ་མར་དད་མོས་བྱེད་མི་ཆོག་པ་སོགས། བོད་ནང་གི་བོད་མིའི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐད་བློ་ཚབ་སྐྱེས་གཞི་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་དེའི་ཐད། རྒྱ་ནག་གཞུང་གིས་དེ་སྔ་ནས་དེ་དང་འདྲ་བའི་ལས་འགུལ་སྣ་མང་སྤེལ་ཡོད་ན་ཡང་། བོད་ནང་གི་བོད་མི་རིགས་སྤུན་ཟླ་ཚོས་༧གོང་ས་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཡོད་སྟབས། ད་བར་བོད་གཞིས་བྱིས་གཉིས་ཀྱི་འབྲེལ་བ་གཅོད་ཐུབ་མེད་པ་རེད་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་བརྗོད་བྱུང་།

image.jpg
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་གཞུང་འབྲེལ་བརྡ་ཐོ་དེ་ཕྱི་ཟླ་༡་ཚེས་༢༥་བཏོན་པ་ཞིག་ཡིན་པ་དང་། དེའི་ནང་འབྲེལ་ཡོད་ཚོས་ལངས་ཕྱོགས་གསལ་པོའི་ཐོག་ནས་ཁ་བྲལ་ལ་ངོ་རྒོལ་དང་། སྒེར་དང་ཁྱིམ་ཚང་གི་ནང་མི་རྣམས་སྤྱི་ཚོགས་དང་འབྲེལ་བའི་ཆབ་སྲིད་ཀྱི་རྙོག་ཁྲ་མེད་པར་ལོ་རྒྱུས་གཙང་མ་ཡོད་དགོས་པ་སོགས་ཀྱི་ཆ་རྐྱེན་མང་དག་ཅིག་བཏོན་འདུག
འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་ཆེད་ལས་མི་སྣར་ཚང་དགོས་པའི་ཤེས་ཡོན་དང་ཆེད་ལས་ཀྱི་འཇོན་ཐང་ལས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་པའི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་ཀྱི་གོ་རྟོགས་ཁག་གལ་ཆེ་བར་ངོས་འཛིན་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཞུང་འབྲེལ་གྱི་ལས་བསྡུའི་བརྡ་ཁྱབ་འདི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ། ཆབ་མདོ། ཀོང་པོ། མངའ་རིས་བཅས་གྲོང་ཁྱེར་གྱི་སྒྲིག་འཛུགས་ཚན་པ་དང་མི་ནུས་ཐོན་ཁུངས་ཚན་པ། དེ་བཞིན་སྤྱི་ཚོགས་འགན་ལེན་ཚན་པ་བཅས་ཐོུང་གིས་བཏང་པ་ཞིག་རེད་འདུག
ད་ལྟ་བོད་ནང་ལས་ཀ་དང་སློབ་གྲྭར་ཞུགས་མཁན་དང་། ལས་ཁུངས་ནང་ལས་བྱེད་གནས་སྤར་སོགས་གང་ཡིན་རུང་ཚང་དགོས་པའི་ཆ་རྐྱེན་དུ་བོད་ཀྱི་བླ་སྲོག་དང་འབྲེལ་བའི་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་གཙང་བཅད་བྱེད་དགོས་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མེད་པ་ཞིག་དགོས་རྒྱུ་ཁག་བཏོན་བཞིན་ཡོད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མི་ཞིག་ལ་གདེང་འཇོག་ཇི་འདྲ་དགོས་མིན་ཡང་༧གོང་ས་མཆོག་དང་འབྲེལ་བ་ཡོད་མེད་རག་ལས་ཡོད་པ་དང་། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིས་སྟངས་འཛིན་འོག་ཡོད་པའི་བོད་མིར་འཛིན་སྐྱོང་བྱེད་སྟངས་ནི་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོར་དད་གུས་ཞུ་དང་མི་ཞུ་གཉིས་ཀྱི་གདམ་ཀར་ཐུག་ཡོད་པ་བོད་ནང་གི་མི་སྣ་ཞིག་གིས་བློ་ཕམ་དང་སེམས་འཚབ་ངང་བརྗོད་བྱུང་།
དེ་བཞིན་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་དེས། རྒྱ་ནག་གི་མི་རིགས་རང་སྐྱོང་གི་ཁྲིམས་གཞིའི་ནང་ས་གནས་རང་གི་མི་རིགས་ལ་ཐོབ་ཐང་ཆེ་བ་ཡོད་པ་བཀོད་ཡོད་ན་ཡང་། ད་རེས་ཀྱི་ལས་བསྡུའི་བརྡ་ཁྱབ་ནང་བོད་པར་ཐོབ་ཐང་ཆེ་བ་ཡོད་པ་ཟུར་ཙམ་ཡང་བསྟན་མེད་པ་དེས་དོན་དངོས་སུ་མི་རིགས་ཀྱི་ཐོབ་ཐང་སྤྲོད་ཀྱི་མེད་པ་གསལ་པོ་ཡིན་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་སྲིད་གཞུང་གི་ལས་ཀ་བྱེད་མཁན་དང་ལས་ཀ་འཚོལ་མཁན་རིགས་ཀྱིས་དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་ཡིན་དགོས་པའི་ལས་འགུལ་རིམ་པར་སྤེལ་ཡོད། དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མིན་པར་རྒྱ་ནག་གཞུང་གིས་བོད་འབྲེལ་ས་ཁུལ་ཞེས་འབོད་བཞིན་པའི་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་ཡོང་གཞིའི་ཐད་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༢༠་ལོར་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་གཉིས་མཉམ་འབྲེལ་ངང་བཏོན་པའི་བོད་སྐོར་བཞུགས་མོལ་ཚོགས་འདུ་དང་བོད་འབྲེལ་ས་ཁུལ་གྱི་གནས་ཚུལ་ཞེས་པའི་ནང་། སྲིད་གཞུང་གི་ལས་བྱེད་དང་དགེ་རྒན་ཚོས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་གཏན་ནས་བྱེད་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག ཡེ་ཤེས་ཟླ་བ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།