འདས་པའི་ལོ་བཅུའི་རིང་བོད་ནང་གི་གནས་སྟངས་གང་ཅིའི་ཐད་ཆེ་སྡུག་ཏུ་ཕྱིན་ཡོད་ཟེར།

2022.08.04
Share on WhatsApp
Share on WhatsApp
འདས་པའི་ལོ་བཅུའི་རིང་བོད་ནང་གི་གནས་སྟངས་གང་ཅིའི་ཐད་ཆེ་སྡུག་ཏུ་ཕྱིན་ཡོད་ཟེར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

ཉེ་ལམ་སྤྱི་ཟླ་༨པའི་ཚེས་༢ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཀྲུང་གོའི་ལོ་བཅུ་དང་བོད་ལྗོངས་ཟེར་བའི་ཚོགས་འདུ་བསྐོངས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅིན་ཀྲེང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བའི་རིང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལུགས་སོགས་བརྗོད་ཡོད་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་ལོ་བཅུའི་རིང་། བོད་ནང་ཡར་རྒྱས་དང་བདེ་འཇགས་ཆེན་པོ་བྱུང་བ་སོགས་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་དེ་དག་ལས་ལྡོག་སྟེ། དོན་དངོས་འདས་པའི་ལོ་བཅུ་དེ་བོད་ནང་གི་བོད་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། ཁོར་ཡུག་གི་གནས་སྟངས་སོགས་ཕྱོགས་གང་ས་ནས་ཆེས་སྡུག་ཏུ་དང་ཛ་དྲག་ཏུ་ཕྱིན་ཡོད་པ་ཕྱི་ཟླ་༨ཚེས་༤ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་གྱི་དམིགས་ཡུལ་མ་གཏོགས། བོད་མི་མང་གི་མངོན་འདོད་སྒྲུབ་རྒྱུར་དོ་སྣང་དང་བསམ་བློ་ཧ་ལམ་མེད་པ་གསུང་གི་འདུག་ལ། ཞི་ཅིན་ཕིང་གིས་བོད་ཙམ་མ་ཟད། རྒྱ་ནག་ཡོངས་ལ་མཁྲེགས་འཛིན་གྱི་སྲིད་ཇུས་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དྲུང་ཆེ་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་གྱིས་སྲིད་དབང་བཟུང་བའི་རིང་། རྒྱ་ནག་གཞུང་གིས་མི་མང་དབུལ་པོའི་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་སོགས་སྐྱོབ་གསོ་ཕྲན་བུ་རེ་སྤྲད་ཡོད། འོན་ཀྱང་སྐྱོབ་གསོ་སྤྲད་ཡུལ་གྱི་ཁྱིམ་ཚང་ནང་རྒྱ་ནག་འགོ་ཁྲིད་ཚོའི་འདྲ་པར་བཙན་དབང་གིས་བཤམ་བཅུག་པ་དང་། བོད་ས་སྟོད་སྨད་གང་ས་ནས་བོད་མི་ཕར་ཚུར་བཙན་གྱིས་གནས་སྤོས་བྱེད་བཅུག་སྟེ་མ་འོངས་བའི་འཚོ་བའི་མདུན་ལམ་གསལ་པོ་མེད་པ་བཟོས་ཡོད་པ། དེ་བཞིན་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་འཕྲོག་པ་དང་ཆོས་དང་མི་རིགས། སྐད་ཡིག འགྲོ་བསྐྱོད་ཀྱི་རང་དབང་བཅས་མེད་པར་དམ་དྲག་གིས་རིག་གནས་གསར་བརྗེ་གཉིས་པ་ཞིག་སླེབས་པ་ལྟ་བུ་བཟོས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་ ༨ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅིན་ཀྲེང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་ཚོགས་འདུ་དེའི་ཐོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བའི་རིང་། བོད་ཀྱི་དཔལ་འབྱོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དམངས་ཕན་དང་མི་མང་གི་སེམས་ཁམས་ཇེ་སྐྱིད་དུ་སོང་བ་སོགས་ཀྱི་གཏམ་བཤད་བྱས་ཡོད་ན་ཡང་། ཨ་རིའི་རང་དབང་ཁང་པའམ་(The Freedom House)་ཞིབ་འཇུག་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོས་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་གྲུ་སྡུག་ཤོས་དང་པོའི་གྲས་སུ་ངོས་འཛིན་བྱས་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས། ཡོ་རོབ་གྲོས་ཚོགས་ལ་སོགས་པས་ཀྱང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ཐོག་ཉམས་ཆག་ཆེན་པོ་བཟོ་བཞིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་མུ་མཐུད་དུ་གཏོང་བཞིན་པ་བརྗོད་བཞིན་ཡོད་པ་རེད། ལྷག་པར་དུ་ཕྱི་ཟླ་༨ཚེས་༢ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་འབྱོར་གྱི་ཉིན་དེ་རང་ལ། (Washington Post)་ ཚགས་པར་ཐོག་ཁོང་གི་དགོངས་ཚུལ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་དང་བཅས་པ་འཆར་གཞི་ལྡན་པའི་ཐོག་ནས་ཉམས་ཆགས་གཏོང་བཞིན་ཡོད་པ་གསུངས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎