ཨོསི་ཊརེ་ལི་ཡའི་མི་སེར་གསར་འགོད་པ་དེའི་ཆེད་པེ་ཅིང་དུ་གསང་བའི་ཐོག་ནས་ཁྲིམས་ར་ཚོགས་འདུག

2022.03.31
Share on WhatsApp
Share on WhatsApp
ཨོསི་ཊརེ་ལི་ཡའི་མི་སེར་གསར་འགོད་པ་དེའི་ཆེད་པེ་ཅིང་དུ་གསང་བའི་ཐོག་ནས་ཁྲིམས་ར་ཚོགས་འདུག ཨོསི་ཊརེ་ལི་ཡའི་མི་སེར་ཡིན་པའི་རྒྱ་རིགས་གསར་འགོད་པ་(Cheng Lei)་པེ་ཅིང་དུ།
AFP

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་གནས་ཚུལ་སྤེལ་དོན་ལྟར་ན། འདི་ཚེས་༣༡་ཉིན་ཨོསི་ཊརེ་ལི་ཡའི་(Australia)་མི་སེར་ཡིན་པའི་རྒྱ་རིགས་གསར་འགོད་པ་(Cheng Lei)་སྲུང་བྱ་དམ་པོའི་འོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་རྒྱ་ནག་མི་དམངས་འབྲིང་རིམ་ཁྲིམས་ཁང་ཨང་གཉིས་པ་ཞེས་པའི་ནང་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཡོད་པ་དང་། སྐབས་དེར་ཁྲིམས་ཁང་གི་ཕྱི་ལ་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཐོག ཁྲིམས་ཁང་གི་ཉེ་འཁོར་ས་གནས་མང་པོེར་འགྲོ་བསྐྱོད་བཀག་སྡོམ་བྱས་ནས་གསར་འགོད་པ་ཚོའི་ངོ་རྟགས་ལག་འཁྱེར་བརྟག་དཔྱད་ནན་མོ་བྱས་ཡོད་འདུག རང་ལོ་༤༦ཡིན་པའི་(Cheng Lei)་ནི་རྒྱ་ནག་གཞུང་འབྲེལ་(CGTV)་ཞེས་པའི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གི་གསང་བ་ཕྱིའི་རྒྱལ་ཁབ་ལ་མཁོ་སྤྲོད་བྱས་པའི་ནག་ཉེས་བཙུགས་ནས་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ༨པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་ད་བར་ཟླ་བ་བཅོ་བརྒྱད་ཕྱིན་པའི་རྗེས་སུ་རེས་གཟའ་ཕུར་བུའི་ཉིན་ཁྲིམས་ཞིབ་བྱས་བ་ཡིན་འདུག་ལ། (Cheng Lei)་ཁོང་གི་ནང་མི་ཚོས་ཁོང་ལ་ནག་ཉེས་མེད་པ་ངེས་ཤེས་འཕེར་བའི་ཡིད་ཆེས་ཡོད་སྐོར་བརྗོད་འདུག
ཁྲིམས་ཁང་དེའི་ལས་བྱེད་པ་ཞིག་གིས་གྱོད་གཞི་འདི་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱིའི་རྒྱལ་ཁབ་ལ་ཁྲིམས་འགལ་སྒོ་ནས་མཁོ་སྤྲོད་བྱས་པ་ཞིག་ཡིན་པར་བརྟེན། ཁྲིམས་ཞིབ་དེ་ཕྱི་གསལ་ནང་གསལ་ཐོག་ནས་བྱེད་ཀྱི་མེད་སྟབས་མགྲོན་པོ་ཚོ་ཁྲིམས་ཁང་ནང་གཏོང་གི་མེད་སྐོར་བཤད་ནས་ཨོསི་ཊརེ་ལི་ཡའི་གཞུང་ཚབ་(Graham Fletcher)་ཁྲིམས་ཁང་ནང་བཏང་མི་འདུག

Graham Fletcher australia-china-chenglei-trial.jpg
ཁོང་གིས་གསར་འགོད་པ་ཚོར། རྒྱ་ནག་གཞུང་གིས་ཁོང་ལ་ནག་ཉེས་ག་རེ་འཛུགས་བཞིན་པ་གསལ་བོ་ཤེས་ཀྱི་མེད། ད་ཐེངས་ཁྲིམས་ཁང་དེས་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ཡང་གསང་བའི་ཐོག་ནས་བྱས་པ་ནི་དྲང་བདེན་མ་རེད་ཅེས་ཁྲིམས་ཁང་ཕྱི་ནས་གསར་འགོད་པ་ཚོར་གསུངས་ཡོད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།