རྒྱ་ནག་གཞུང་གིས་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཚོར་ཏཱ་ལའི་བླ་མ་དང་ཁ་བྲལ་བར་འབྲེལ་བ་གཏན་གཅོད་དགོས་པའི་ཚོགས་འདུ་བསྐོངས་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༥ ཉིན། རྒྱ་ནག་གཞུང་གིས་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བའི་ནང་ཚོགས་འདུ་བསྐོངས་ཏེ། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་དྲུང་ཆེ་གཞོན་པ་ཝང་ཀྲི་ཀཱང་(王志刚)ཟེར་བས། དགེ་འདུན་པ་ཚོར་དམར་ཤོག་ཚོགས་པའི་བསམ་བློའི་སློབ་ཁྲིད་དང་འབྲེལ། དགེ་འདུན་པ་ཚོས་ཏཱ་ལའི་བླ་མ་དང་ཁ་བྲལ་བར་འབྲེལ་བ་གཏན་གཅོད་དང་། ནང་བསྟན་རྒྱ་སྒྱུར་ལ་མགྱོགས་མྱུར་ཤུགས་སྣོན་དགོས་པའི་གཏམ་བཤད་སྤེལ་ཡོད་པ་དང་། ཡང་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྐད་ཡིག་དང་རྩོམ་རིག་སློབ་དཔོན་ལྷག་པ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་སྔ་མོ་ནས་༸གོང་ས་མཆོག་ལ་མཚན་སྨྲད་དང་སྐྱོན་བརྗོད་བྱེད་བཞིན་ཡོད་ན་ཡང་། དེ་རིགས་ལ་ནུས་པ་གང་ཡང་ཐོན་གྱི་མེད་པ་གསལ་པོ་ཡིན་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་ཞེས་བོད་སྐད་ཡིག་གི་བརྒྱུད་ལམ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེར་གདོང་ལེན་བྱ་དགོས་གཞིར་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཚོགས་འདུ་དང་འབྲེལ་དམར་ཤོག་ཚོགས་པའི་རྒྱུན་ལས་དྲུང་ཆེ་གཞོན་པ་ཝང་ཀྲི་ཀཱང་གིས་མུ་མཐུད། དགེ་འདུན་པ་ཚོས་ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གསལ་པོར་ཤེས་རྟོགས་ཐུབ་དགོས་པ་དང་། ཏཱ་ལའི་རུ་ཚོགས་ནི་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཤུལ་ལུས་མཚོན་པའི་ཁ་བྲལ་བའི་ཆབ་སྲིད་ཚོགས་པ་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་དོན་ནི་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ཡིན་པས། ང་ཚོས་རྣམ་དཔྱོད་དང་རིག་པ་གསལ་བོའི་ངང་ནས་མ་འོངས་པར་བོད་ཀྱི་མཐོ་རིམ་བླ་སྤྲུལ་ཁག་གི་ཡང་སྤྲུལ་ངོས་འཛིན་སོགས་དམར་ཤོག་ཚོགས་པའི་ལམ་སྟོན་དང་གཅིག་མཚུངས་ཡིན་དགོས་སྐོར་སོགས་བརྗོད་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས། བོད་ཀྱི་ཆོས་ལུགས་ལྟེ་གནས་ཁག་ལ་བཀག་བསྡོམས་དང་། བོད་ཀྱི་གྲྭ་བཙུན་ཚོའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲགས་ཀྱིས། དོན་དངོས་ཀྱི་ཤེས་ཡོན་སློབ་གཉེར་བྱེད་མི་བཅུག་པར་རྒྱ་ནག་གཞུང་གི་ཆབ་སྲིད་བསམ་བློའི་སློབ་གསོ་སྤྲོད་བཞིན་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོར་ཆེད་དམིགས་ཚོགས་འདུ་དེ་འདྲ་ཞིག་བསྐོངས་དོན་ནི། དགེ་འདུན་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་བསམ་བློར་གོ་བ་གཏིང་ཟབ་ལེན་ཆེད་དང་། བསམ་བློའི་ལས་དོན་དེ་ཏང་གི་མ་འོངས་པ་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་འབྲེལ་བ་ཡོད་པས་ཡིན་སྐོར་བརྗོད་འདུག་ལ། ཚོགས་འདུ་དང་འབྲེལ་དགེ་འདུན་པ་ཚོར་ཕྱི་ཕྱོགས་ཀྱི་ཆོས་ལུགས་ཀྱི་བརྒྱུད་ལམ་དང་འབྲེལ་བ་བྱེད་པ་མཉམ་ཞུགས་བྱེད་མི་ཆོག་པ། དྲ་ལམ་དུ་ཆོས་ལུགས་ཀྱི་ཚོགས་པ་འཛུགས་རྒྱུ་གཏན་འགོག་དགོས་སྐོར་སོགས་བརྗོད་ཡོད་པ་དང་། ཚོགས་འདུའི་སྟེང་པེ་ཕྱིན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཕྱི་ལོ་ ༢༠༢༢ དང་། ༢༠༢༣། ༢༠༢༤ བཅས་ཀྱི་དགེ་སློབ་ཚང་མ་བསྡུ་བསྐོངས་བྱས་ཡོད་པ་མ་ཟད། དགེ་འདུན་པ་ཚོར་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིང་གི་བསམ་བློ་ཆབ་སྲིད་སྐོར་ལ་གཏམ་བཤད་སྤེལ་བཅུག་པ་སོགས་བྱས་ཡོད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།