རྒྱ་ནག་གཞུང་ནི་མང་གཙོའི་ལམ་ལུགས་ལ་ཉེན་ཁ་བཟོ་མཁན་གཙོ་བོ་ཞིག་ཡིན་པ།

2021.11.27
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་ནི་མང་གཙོའི་ལམ་ལུགས་ལ་ཉེན་ཁ་བཟོ་མཁན་གཙོ་བོ་ཞིག་ཡིན་པ། རྒྱ་གར་གྱི་དམག་དཔོན་ཟུར་པ་ཝི་ན་ཡཀ་བྷཊ།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

 སྤྱི་ཟླ་༡༡ཚེས་༢༦ ཉིན་རྒྱ་ནག་དང་རྒྱ་གར། ར་ཤི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚོགས་འདུ་ཐེངས་༡༨ པ་དེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Jaishankar གྱིས་གཙོ་སྐྱོང་འོག་དྲ་ལམ་བརྒྱུད་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་ཕྱི་སྲིད་བློན་ཆེན་Wang Yi ས། ཨ་མི་རི་ཀའི་གོ་སྒྲིག་འོག་མང་གཙོ་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་(Democracy Summit)ཞེས་པ་ཞིག་ཚོགས་གཏན་འཁེལ་ཡོད་པ་དེས་འཛམ་གླིང་ནང་ཤོག་ཁག་འདྲ་མིན་བཟོ་རྒྱུ་ཡིན་པ་མ་ཟད། མ་མཐུན་པའི་གནད་དོན་མང་པོ་ཞིག་ཡོང་ངེས་ཡིན་ཞེས་ཨ་རི་ལ་སྐྱོན་བརྗོད་བྱས་འདུག དེའི་ཐད་བཞུགས་སྒར་དུ་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་རྒྱ་ནག་གཞུང་གིས་ཨ་རི་ལ་སྐྱོན་བརྗོད་བྱས་པ་དེ་ནི་གཞི་མེད་ཀྱི་སྐྱོན་བརྗོད་ཡིན་པའི་ཁར། རྒྱ་ནག་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཞིག་དང་ཡང་དག་པའི་མང་གཙོའི་ལམ་ལུགས་ལ་ཡང་ཉེན་ཁ་བཟོ་མཁན་གཙོ་བོ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་སྲིད་འཛིན་ཇོ་བྷཡེ་ཌན་མཆོག་གིས་སྣེ་ཁྲིད་འོག་རིང་མིན་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡༢ ཚེས་༩ ནས་༡༠ བར་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པ་དང་། མང་གཙོ་དང་འབྲེལ་བའི་སྤྱི་ཚོགས་སྲི་ཞུའི་མི་སྣ་དང་། ཚོགས་སྡེ་ཁག་སོགས་མཉམ་རུབ་ཀྱིས། དེང་གི་མང་གཙོའི་ལམ་ལུགས་ལ་ཉེན་ཚབས་ཆེ་བའི་གནད་དོན་ཁག་ལ་རྒྱུས་ལོན་གནང་རྒྱུ་ཡིན་པའི་ཁར། འགྲོ་བ་མིའི་ཐབ་ཐང་གོང་འཕེལ་ཡོང་ཐབས། དེ་བཞིན་མི་གཅིག་དབང་སྒྱུར་རིང་ལུགས་ལ་འགོག་ཐབས་ཇི་ལྟར་གནང་དགོས་པ་སོགས་ཀྱི་ཐད་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་མ་ཟད། མང་གཙོའི་ལྷན་ཚོགས་དེའི་ནང་རྒྱ་གར་གྱི་སྲིད་བློན་ནཱ་རིན་དྷི་ར་མོ་དྷི་མཆོག་ལྷན་ཞུགས་གནང་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་གནང་བཞིན་འདུག
ཡང་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་པ་དང་དམག་དཔོན་ཟུར་སྐུ་ཞབས་Vinayak Bhat ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་ལྟ་བུ་དམར་ཤོག་རྒྱལ་ཁབ་ཅིག་གིས། རྒྱ་གར་ལྷན་དུ་མང་གཙོའི་ཐོག་གོ་བསྡུར་བྱས་ཏེ་ཨ་རི་ལ་སྐྱོན་བརྗོད་བྱས་པ་དེ་དགོད་བྲོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་མ་ཟད། མང་གཙོའི་ལམ་ལུགས་མེད་པའི་དམར་ཤོག་ཤིག་གིས་མང་གཙོ་ཐོག་བགྲོ་གླེང་དང་གོ་བསྡུར་བྱེད་རྒྱུའི་ཐོབ་ཐང་མེད་ལ། རྒྱ་གར་གྱིས་ད་བར་རང་དབང་དང་མང་གཙོ་བཅས་ཀྱི་ཆེད་དུ་འཐབ་རྩོད་གང་བྱས་པ་དེ་དག་ནི་་རྒྱ་ནག་གཞུང་གིས་རྒྱུས་ལོན་དཀའ་བ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
སྤྱིར་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། འཛམ་གླིང་རྒྱལ་ཁབ་ཚང་མས་སོ་སོའི་མི་སེར་རྣམས་ལ་ལྟ་ཚུལ་ཇི་ལྟར་འཛིན་དགོས་པའི་སྐོར་ལམ་སྟོན་ཁ་གསལ་བསྟན་ཡོད། འོན་ཀྱང་། ད་རེས་ཕྱི་སྲིད་བློན་ཆེན་གསུམ་གྱི་དྲ་ཐོག་མཇལ་མོལ་དེའི་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས། མང་གཙོ་ཟེར་བ་དེ་རྒྱལ་ཁབ་སོ་སོའི་གནས་སྟངས་ལ་གཞིགས་པའི་ལག་བསྟར་བྱེད་དགོས་ལུགས་བརྗོད་ཡོད་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་གི་འགྲོ་ལུགས་དང་མཐུན་གྱི་མེད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས། རང་ཉིད་ཀྱི་ཁེ་ཕན་གཙོ་བཟུང་གིས་འགྲོ་བོ་མིའི་ཐོབ་ཐང་ལ་འགྲེལ་བརྗོད་མི་འདྲ་བ་ཞིག་བྱེད་ཀྱི་ཡོད་པ་དེ་ནི་རྩ་བ་ནས་ངོས་ལེན་མེད་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་གསུང་གི་འདུག
གཞན་ཡང་ད་རེས་ཕྱི་སྲིད་བློན་ཆེན་གསུམ་གྱི་དྲ་ཐོག་མཇལ་མོལ་དེའི་སྐབས། རྒྱ་གར་གྱི་ཕྱི་སྲིད་བློན་སྐུ་ཞབས་Jaishankar གྱིས། ཏོག་དབྱིབས་ནད་དུག་གི་རྐྱེན་པས་འཛམ་གླིང་ནང་ཕར་ཚུར་འགྲོ་སྐྱོད་ཐད་རྒྱུ་མཚན་མེད་པའི་དམ་བསྒྲགས་བྱེད་བཞིན་ཡོད་པ་དེ་ང་ཚོས་མེད་པ་བཟོ་དགོས་གལ་ཆེ་བ་མཐོང་ཞིང་། ལྷག་པར་དུ་རྒྱ་གར་དང་ར་ཤི་ཡ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་ནས་སོ་སོས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་ཕན་ཚུན་དབར་སྤྱོད་ཆོག་པའི་ངོས་འཛིན་དགོས་གལ་ཆེ། རྒྱ་གར་ངོས་ནས་རིང་མིན་སྤྱི་ཟླ་༡༢་ཚེས་༡༥ ཙམ་ནས་རྒྱལ་སྤྱིའི་གནམ་ཐང་ཁག་སྒོ་འབྱེད་རྒྱུའི་ཐག་གཅོད་བྱུང་ཡོད་ཅེས་གསུངས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།