རྒྱ་ནག་ནང་ཞི་རྒོལ་བྱུང་བཞིན་པ་དང་བསྟུན་བོད་ནང་ཁ་བྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་བཀོད་ཁྱབ་གཏོང་བཞིན་འདུག

2022.11.29
Share on WhatsApp
Share on WhatsApp
རྒྱ་ནག་ནང་ཞི་རྒོལ་བྱུང་བཞིན་པ་དང་བསྟུན་བོད་ནང་ཁ་བྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་བཀོད་ཁྱབ་གཏོང་བཞིན་འདུག ལྷ་སར་ཝང་ཅུན་ཀྲང་གིས་དམར་ཤོག་ཚོགས་པའི་ཏང་གི་རྒྱུན་ལས་ཚོགས་འདུའི་གཏམ་བཤད་བྱེད་བཞིན་པ། ༢༠༢༢།༡༡།༢༨ ཉིན།
China State Media

ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་རིམས་ནད་གཙང་སེལ་དམ་དྲགས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་ཞི་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་འབྲེལ། ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲང་ཟེར་བས། རིམས་ནད་སྔོན་འགོག་དང་ཐོན་སྐྱོན་མགྱོགས་མྱུར་སླར་གསོ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ད་ལྟའི་ཆར་ལྷ་སའི་ནང་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྐོར། བོད་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གནས་ཚུལ་ནང་ཝང་ཅུན་ཀྲང་གི་གཏམ་བཤད་དེ་དམར་ཤོག་ཚོགས་པའི་ཏང་གི་རྒྱུན་ལས་ཚོགས་འདུའི་སྟེང་བཤད་ཡོད་དང་། ཁོས་ཆབ་སྲིད་ཀྱི་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཁག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དགོས་སྐོར་བཤད་འདུག་ལ། འབྲེལ་ཡོད་བོད་མི་གཞན་དེས་ལྷ་ས་སོགས་སུ་རྒྱ་ནག་ནང་ཞི་རྒོལ་བྱུང་བཞིན་པའི་གནས་ཚུལ་གོ་ཐོས་བྱུང་མཁན་རེ་གཉིས་ཙམ་ཡིན་པ་དང་། དྲ་ལམ་དམ་དྲགས་རྐྱེན་གྱིས་གནས་ཚུལ་དེ་འདྲའི་རིགས་གཅིག་ཀྱང་མཐོང་མི་ཐུབ་པ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་རྒྱ་ནག་ནང་ཁུལ་གྱི་རིམས་ནད་དམ་དྲགས་ཞི་རྒོལ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་ཞི་རྒོལ་གནས་ཚུལ་ཁག་དྲ་ལམ་དུ་དམ་དྲགས་དང་། ཆབ་སྲིད་བདེ་འཇགས་སོགས་ཤུགས་ཆེར་བཤད་བཞིན་པ་མ་ཟད། རིམས་ནད་དང་འབྲེལ་སློབ་གྲྭ་ཁག་ཕྱིར་ཁྱིམ་དུ་གཏོང་བ་སོགས་བྱེད་བཞིན་ཡོད་པ་དང་། རྔ་བ་ཕྱོགས་སུ་སློབ་གྲྭ་ཁག་ཁྱིམ་དུ་ལེན་པར་ས་གནས་སོ་སོའི་མགོ་ཁྲིད་ཚོས་རླངས་འཁོར་གྲ་སྒྲིག་བྱེད་དགོས་པ་ལས། ནང་མི་མང་པོ་སློབ་མ་ཁྱིམ་དུ་ལེན་པར་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲགས་དོགས་ཟོན་བྱེད་བཞིན་པའི་རྒྱུ་མཚན་གཙོ་བོ། རྒྱ་ནག་ནང་བྱུང་བཞིན་པའི་ཞི་རྒོལ་བོད་ནང་ཁྱབ་གདལ་འགྲོ་རྒྱུའི་འཇིགས་སྣང་དང་། ཉེ་སྔོན་ཟླ་བ་མང་པོར་ལྷ་སའི་ནང་རིམས་ནད་ལ་ཁ་གཡར་ནས་མི་མང་ལ་བཀག་བསྡོམས་བྱས་ཡོད་པ་སོགས་ཀྱིས་ཡིན་སྐོར་བརྗོད་བྱུང་།

8979e230-23a9-4373-a786-8bd30f736a49.jpeg

ཐེངས་འདིར་རྒྱ་ནག་ནང་མི་མང་གིས་ཞི་རྒོལ་བྱུང་རྐྱེན་གཙོ་བོ་དེ་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། ཤིན་ཅང་ཡུ་གུར་གྱི་རྒྱལ་ས་ཨུ་རུམ་ཆི(URUMQI)གྲོང་ཁྱེར་ནང་། ཁང་བརྩེགས་ཡིན་པའི་སྡོད་ཁང་ཞིག་ལ་མེ་ཤོར་བ་དང་འབྲེལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་བཀག་བསྡོམས་རྐྱེན་གྱིས་ཁང་པར་སྒོ་ལྕགས་བརྒྱབ་ཡོད་སྟབས། ཕྱི་ལ་འབྲོ་མ་ཐུབ་པར་མི་གྲངས་༡༠མེ་སྐྱོན་ཁྲོད་རྐྱེན་འདས་དང་། མི་༩ལ་རྨས་སྐྱོན་བྱུང་རྗེས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་མི་མང་གིས་ཡུ་གུར་གྱི་མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་དང་འབྲེལ། རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་གཙོས། གྲོང་ཁྱེར་ཆེ་ཁག་དང་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེ་ཁག་ནང་དུ་རྒྱ་ནག་གཞུང་གི་རིམས་ནད་དམ་དྲགས་སྲིད་བྱུས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་མར་འབབ་དགོས་པའི་ངོ་རྒོལ་དང་། དམར་ཤོག་ཚོགས་པར་ངོ་རྒོལ་གྱི་ཕྱོགས་སུ་འགྱུར་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎