རྒྱ་ནག་དང་ཨུ་རུ་སུས་མ་ཡན་མར་གྱི་དམག་དཔུང་ལ་མུ་མཐུད་དུ་གོ་མཚོན་མཁོ་འདོན་བྱེད་ཀྱི་ཡོད་འདུག

2022.02.22
Share on WhatsApp
Share on WhatsApp
རྒྱ་ནག་དང་ཨུ་རུ་སུས་མ་ཡན་མར་གྱི་དམག་དཔུང་ལ་མུ་མཐུད་དུ་གོ་མཚོན་མཁོ་འདོན་བྱེད་ཀྱི་ཡོད་འདུག
AFP

ཕྱི་ཚེས་༢༢་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་མ་ཡན་མར་གྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཛ་དྲག་གི་ལྷན་ཚོགས་བསྐོང་འཚོགས་གནང་ནས། མ་ཡན་མར་གྱི་དྲག་པོའི་དབང་འཛིན་པ་ཚོར་ས་གནས་མི་དམངས་ཐོག་དྲག་གནོན་བྱ་ཆེད་གོ་མཚོན་མཁོ་འདོན་བྱ་རྒྱུ་བཀག་སྡོམ་བྱེད་རྒྱུའི་གནད་དོན་ཐོག་གྲོས་མོལ་གནང་དགོས་པའི་སྐོར་བཀོད་ཡོད་ཅིང་། སྙན་ཐོ་དེ་བཞིན་དུས་ཡུན་རིང་པོར་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་པ་དང་། དེའི་ནང་མ་ཡན་མར་དམག་དཔུང་གཞུང་གིས་གོ་མཚོན་མཁོ་སྒྲུབ་བྱེད་ས་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཞུགས་ཡུལ་གྲུ་གཉིས་ཡང་མ་ཡན་མར་ནང་གོ་མཚོན་མཁོ་འདོན་བྱེད་མཁན་གཙོ་བོའི་གྲས་ཡིན་པའི་སྐོར་ནན་བརྗོད་བྱས་ཡོད་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མ་ཡན་མར་གྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་(Tom Andrews)་གྱིས། མ་ཡན་མར་གྱི་གནད་དོན་སྐོར་གྱི་སྙན་ཐོ་འདོན་སྤེལ་སྐབས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། མ་ཡན་མར་ཡུལ་གྱི་སྲིད་དབང་ལོ་སྔོན་མར་དྲག་པོའི་ཐོག་ནས་དམག་དཔུང་གིས་བཙན་བཟུང་བྱས་པའི་རྗེས། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཞུགས་ཡུལ་གྲུའི་གྲས་རྒྱ་ནག་དང་། ཨུ་རུ་སུ་གཉིས་ཀྱིས་མུ་མཐུད་ནས་མ་ཡན་མར་དམག་དཔུང་སྲིད་གཞུང་ལ་དམག་གི་གནམ་གྲུ་དང་། ལྕགས་འཁྲབ་འཁོར་ལོ་སོགས་མཁོ་འདོན་བྱས་ཡོད་པ་མ་ཟད། ར་ཤི་ཡ་འམ་ཨུ་རུ་སུའི་གཞུང་གིས་ད་དུང་མུ་མཐུད་ནས་ཡ་ཡན་མར་དམག་དཔུང་གཞུང་ལ་གོ་མཚོན་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར་དང་། དེ་བཞིན་(Serbia)་ཡུལ་གྱིས་མེ་ཤུགས་འཕུར་མདའ་དང་། མེ་སྒྱོགས་སོགས་མཁོ་འདོན་བྱས་ཡོད་པའི་སྐོར་གསལ་བཏོན་བྱས་འདུག
ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༢་པའི་ཚེས་༡་ཉིན་མ་ཡན་མར་ཡུལ་ནང་སྲིད་འགྱུར་བྱུང་བའི་རྗེས། མ་ཡན་མར་དེ་བཞིན་ཟང་ཟིང་གི་གནས་སྟངས་ཀྱི་རྐྱེན་པས་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཉམས་རྒུད་ཕྱིན་ཡོད་ཅིང་། དྲག་གནོན་འོག་མི་གྲངས་༡༥༠༠་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཆིག་ཁྲི་ཉིས་སྟོང་ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་མ་ཟད་། མི་གྲངས་འབུམ་བཞི་ལྷག་ཙམ་རང་ཡུལ་དུ་གནས་སྡོད་མ་ཐུབ་པར་བྲོས་བྱོལ་དུ་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
རྒྱལ་ཚོགས་ཀྱིས་ན་ནིང་ཕྱི་ཟླ་དྲུག་པའི་ནང་། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་མ་ཡན་མར་ནང་གོ་མཚོན་མཁོ་འདོན་བྱ་རྒྱུ་བཀག་སྡོམ་གྱི་གྲོས་ཆོད་ཤིག་བཞག་ཡོད་ཀྱང་། དེས་མ་ཡན་མར་དམག་དཔུང་གཞུང་གིས་སྤྱི་འབངས་ཐོག་དྲག་གནོན་བྱ་རྒྱུར་འགོག་ཐབས་ཕན་ནུས་གང་ཡང་ཐོན་མེད་པའི་སྐོར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མ་ཡན་མར་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།