རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2025.01.09
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ།
མི་སེར་གྱི་འདྲ་པར།

ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་དིང་རི་ས་ཁུལ་གཙོས་ཉེ་ཁོར་ས་ཁུལ་ཁག་ཅིག་ནང་ཚད་རིམ་ ༧.༡ ཅན་གྱི་ས་ཡོམ་བྱུང་རྗེས། མི་སྣ་ཤི་རྨས་དང་སྡོད་ཁང་དུད་ཁྱིམ་གཏོར་བཤིག་གི་གོད་ཆག་ཤུགས་ཆེར་བྱུང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ས་གནས་ཀྱི་གནས་ཚུལ་དངོས་དང་མི་མང་གིས་རོགས་སྐྱོར་དང་ཚེ་སྲོག་བསྐྱབས་པ་སོགས་པར་དང་བརྙན་ལེན་བཅུག་གི་མེད་པར། གཞུང་འབྲེལ་གྱི་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་མ་ཟད།  མི་སྣ་རྐྱེན་འདས་ཕྱིན་པ་ཚོས་ཕུང་པོ་དང་གནོད་འཚེ་ཤུགས་ཆེན་ཐེབས་པའི་པར་དང་བརྙན་ལེན་པ་དང་། གནས་ཚུལ་རིགས་བརྒྱུད་སྐུར་བྱེད་བཅུག་གི་མེད་པ། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ས་ཡོམ་བྱུང་རྗེས་ཀྱི་ཉིན་གསུམ་ནང་ད་དུང་ས་གནས་ཁག་ཅིག་ཏུ་རྒྱ་ནག་གཞུང་འབྲེལ་མི་སྣ་རོགས་སྐྱོར་དུ་ཡོང་མེད་པ་མ་ཟད། གྲོང་གསེབ་ཁུལ་དུ་མི་མང་གཏོར་བཤིག་ཐེབས་པའི་སྡོད་ཁང་གི་ར་བའི་ནང་དུ་ཉལ་བ་དང་། ཟ་མ་སོགས་མེད་པར་ལུས་ཡོད་པ་མ་ཟད ང་རང་གིས་དངོས་སུ་ཤེས་རྟོགས་བྱུང་བ་གྲམ་མཚོ་སྡེ་བ་གཅིག་པུའི་ནང་མི་གྲངས་ ༢༠ ལྷག་རྐྱེན་འདས་ཕྱིན་ཡོད་པ་དང་། གྲམ་མཚོ་རུཡོད་པའི་རྫོང་ཕུག་བཙུན་མའི་དགོན་གྱི་འདུ་ཁང་དང་གྲྭ་ཤག་གཏོར་བཤིག་དང་། བཙུན་མ་གཉིས་རྐྱེན་འདས་དང་མང་དག་ཅིག་ལ་རྨས་སྐྱོན་བྱུང་ཡོད་ན་ཡང་། ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་ད་དུང་རོགས་སྐྱོར་མི་སྣ་ས་གནས་དེར་ཡོང་མེད་པ་དང་། དེ་བཞིན་དིང་རི་ཆུ་ལྷོ་ཡུལ་ཚོའི་ནང་ཡོད་པའི་བདེ་བ་ཅན་དགོན་པ་རྩ་ནས་གཏོར་བཤིག་གིས་ཤུལ་དུ་གྱང་རོ་ཙམ་ལས་གང་ཡང་ལྷག་མེད་པ་སོགས་འགྲེལ་བརྗོད་གནང་གི་འདུག

ཡང་འབྲེལ་ཡོད་ནས་གཞན་ཞིག་ནས་རྒྱ་ནག་གཞུང་འབྲེལ་ངོས་ནས་ས་ཡོམ་ཁྲོད་མི་སྣ་ཤི་རྨས་འཚོལ་སྐྱོབ་མཚམས་འཇོག་གིས། རོགས་སྐྱོར་ལས་གཞི་མི་མང་གི་འཚོ་བའི་བདེ་འཇགས་བཀོད་སྒྲིག་ཆེད་བཀོལ་རྒྱུ་ཡིན་པ་བསྒྲགས་འདུག་ན་ཡང་། ཕྱི་ཚེས་ ༩ ཉིན་ད་དུང་མི་མང་གིས་གྲོང་གསེབ་ཁག་ཏུ་ས་འོག་ཤོར་བའི་མི་སྣ་སྐྱོབ་བཞིན་པའི་གནས་ཚུལ་ཡོད་པ་དང་། དེ་བཞིན་ས་ཡོམ་དང་འབྲེལ་དིང་རི་ཕྱོགས་ཀྱི་ན་གཞོན་མང་པོ་ཕྱི་ཕྱོགས་སུ་ཞོར་ལས་ལ་ཕྱིན་པས། ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པ་མང་ཆེ་ཤོས་མི་རྒན་པ་དང་ལོ་ཆུང་ཕྲུ་གུ་ཡིན་སྐོར་བརྗོད་བྱུང་ལ། གཞན་ཡང་ཕྱི་ཚེས་ ༩ཉིན་རྒྱ་ནག་གཞུང་འབྲེལ་གཞིས་ཀ་རྩེ་སྲིད་གཞུང་ངོས་ནས། ས་ཡོམ་དང་འབྲེལ་བའི་སྤྱི་ཚོགས་དྲ་ལམ་དུ་བཅོས་མའི་རིག་ནུས་ཀྱིས་བཟོས་པའི་པར་རིས་དང་། ས་ཡོམ་སྐོར་གྱི་པར་དང་བརྙན་སོགས་གང་བྱུང་བརྒྱུད་སྐུར་མི་ཆོག་པ་དང་། དེ་ལྟར་བྱས་པ་ཡིན་ན་ས་ཡོམ་གྱི་རོགས་སྐྱོར་ལས་དོན་ལ་གནོད་འཚེ་ཤུགས་ཆེར་ཐེབས་ཀྱི་ཡོད་པས། དེ་ལྟར་བྱེད་མཁན་རིགས་གོང་རིམ་ལ་ཡར་ཞུ་ཞུས་ན་ཉེན་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་བསྒྲགས་འདུག

དེ་རིང་ཕྱི་ཚེས་ ༩ རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ནང་གི་དིང་རིར་ས་ཡོམ་ ༧.༡ བྱུང་རྗེས། འཕྲོ་ཡོམ་ཐེངས་ ༡༠༩༥ ལྷག་བྱུང་བ་དང་། ཡོམ་འཕྲོ་ཆེ་ཤོས་ཕྱི་ཚེས་ ༧ ཉིན་ ༤.༤ བརྒྱབ་ཡོད་པ་དང་། དེ་མིན་མང་ཤོས་ཚད་རིམ་ ༢་དང་ ༣་བར་ཡིན་པ་བཀོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངསདམིགས་བསལ་གནོད་འཚེ་རྟོག་ཞིབ་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ལི་ལིང་ཟེར་བས། དིང་རིའི་ས་ཡོམ་དེ་བཞིན་ལྷ་སའི་ས་དུམ་གྱི་ནུས་ཚད་ཕྱིར་ནུར་བྱས་པ་ལས་བྱུང་ཡོད་པ་དང་། ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་གཏོར་བཤིག་ཚབས་ཆེ་བའི་རྒྱུ་མཚན། ཡུལ་དེའི་ཁང་པ་དང་སྡོད་གནས་སོགས་ས་ཁང་དང་རྡོ་ཁང་ཡིན་པས་སྒྲིག་གཞི་བརྟན་པོ་མ་བྱུང་བས་ཡིན་སྐོར་བརྗོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་དེ་རིང་ད་དུང་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་ཁ་གྲངས་ ༡༢༦ ལས་འཕར་སྣོན་སོགས་ཀྱི་གནས་ཚུལ་བཀོད་མེད་ན་ཡང་། བོད་ནང་གི་བོད་མི་ཚོས་ས་ཡོམ་ཁྲོད་མི་གྲངས་འདས་གྲོངས་ཕྱིན་པའི་གྲངས་ཚད་ ༢༠༠ ཟིན་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎