ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།

འདོན་སྤེལ་གནང་མཁན།: བོད་སྐད་སྡེ་ཚན་དང་། རྩད་ཞིབ་སྡེ་ཚན། བརྙན་འཕྲིན་དང་གསར་སྐྲུན་སྡེ་ཚན།
2024.10.29
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ། ཕྱི་ལོ་ ༢༠༢༤ ཟླ་ ༦ ནང་ཀེམཔ་ཧེལ་ (Camp Hale) དང་བོད་པའི་འཇམ་དམག་འཐབ་རྒོལ་བར་རྗེས་དྲན་ཞུས་པའི་སྐབས་སྦུརུསི་ཝལ་ཀར་གྱིས་ཀེམཔ་ཧེལ་གྱི་ས་རྟགས་ཤིག་ཡོད་པ་དེར་གཟིགས་བཞིན་པ།
སྒྲིག་བཟོ། པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

* འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ།

ཀེམཔ་ཧེལ་ (Camp Hale) དམག་སྦྱོང་ས་ཚིགས་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ཧྥིཊི་ ༩༢༠༠ ཡོད་པའི་ཀོ་ལོ་ར་ཌོ་མངའ་སྡེའི་ལྷོ་ངོས་སུ་ཆགས་པའི་རི་རྒྱུད་ (Rocky Mountains) ཀྱི་མཐོ་སྒང་གི་ས་ཁུལ་ཞིག་ཡིན། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ནཱ་རྫི་ (Nazi) དམག་ལ་ཕར་རྒོལ་བྱེད་མཁན་ཨ་རིའི་དམག་སྡེ་བཅུ་པའི་དཔུང་དམག་ལ་དམག་སྤྱོང་སྤྲོད་སའི་གནས་དེ་ཡང་ཡིན་པ་རེད།། 

འོན་ཀྱང་། ལོ་རབས་དྲུག་བཅུའི་འགོ་སྟོད་དུ་ས་ཚིགས་དེ་ནི་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་བོད་མི་འཇབ་དམག་འཐབ་རྒོལ་བ་ཚོར་གསང་བའི་དམག་སྦྱོང་སྤྲོད་སའི་ས་ཚིགས་ཡང་ཡིན་པའི་ལོ་རྒྱུས་འདི་མི་མང་པོས་ཤེས་རྟོགས་མེད་པ་རེད། 

ཕྱི་ལོ་ ༡༩༥༨ ནས ༡༩༦༤ ལོའི་བར་གསང་རྒྱ་དམ་པའི་ས་ཚིགས་དེའི་ནང་དམག་སྤྱོང་ཐོབ་པའི་བོད་མི་དེ་དག་ནི་བོད་ནང་རྒྱ་དམར་ལ་དྲག་པོའི་འཐབ་རྒོལ་བྱེད་བཞིན་པའི་སྐབས་ཀྱི་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་ཡོད།

tibet-cia-camp-hale_01.jpg
ཕྱི་ལོ་ ༡༩༦༡ དང་ ༡༩༦༤ དབར་བོད་མིའི་འཇབ་དམག་འཐབ་རྒོལ་བ་ཚོས་བོད་ཀྱི་ལོ་གསར་སྲུང་བརྩིའི་སྐབས་བོད་ཀྱི་གནའ་སྲོལ་ཕྱུ་པ་གྱོན་ཏེ་ཟབ་ཕྱོར་སྤྲད་པ། (པར་ཁུངས་།ཿ STCIRCUS Archive of Tibetan Resistance via Hoover Institution Library & Archives)

གསང་བའི་དམག་དོན་ལས་འགུལ་དེ་མཇུག་བསྒྲིལ་ནས་ལོ་ངོ་དྲུག་ཅུ་ཕྱིན་པའི་རྗེས། དམག་སྦྱོང་ས་ཚིགས་ཀེམཔ་ཧེལ། (Camp Hale) གྱིས་གསང་བའི་གནས་ཚུལ་གསར་པ་ཞིག་ཤེས་རྟོགས་བྱུང་བ་ནི་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་ས་ཚིགས་དེར་༼ཕྱུགས་ར།༽ (The Ranch) ཞེས་འབོད་པ་དང་། ཡང་བོད་མི་ཚོས་དགའ་པོའི་ངང་ནས་དེར་༼ལྡུམ་རྭ།༽ཞེས་འབོད་སྲོལ་འདུག   དེའི་ནང་མ་མཐར་ཡང་བོད་དམག་ ༢༥༩ ཙམ་ལ་དམག་སྦྱོང་སྤྲད་ཅིང་། ཁོང་ཚོས་བོད་ནང་གནམ་མཆོང་བརྒྱབ་སྟེ་སྐབས་དེ་དུས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་པའི་བོད་དམག་ཚོར་དཔུང་རོགས་བྱས་ཡོད། 

ཉེ་དུས་བར་དུ་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མིར་དམག་སྦྱོང་སྤྲོད་སའི་ས་ཚིགས་ལྟེ་བ་དེ་ལོ་རྒྱུས་ནང་ཁ་གསལ་བཟོས་མེད་སྟབས་མང་པོས་ཤེས་རྟོགས་ཀྱང་མེད་པར་གྱུར་ཡོད།  ལྷག་པར་དུ་བོད་མིས་རྒྱ་དམར་ལ་དྲག་པོའི་ཕར་རྒོལ་བྱས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བྱ་སྤྱོད་སྐོར་གྱི་གནས་ཚུལ་མང་པོ་ཞིག་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་གསང་བའི་ངང་བཞག་ཡོད། 

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཀེམཔ་ཧེལ།(Camp Hale)རུ་བོད་མི་ཚོར་དམག་སྤྱོང་སྤྲད་མཚམས་བཞག་རྗེས་ས་ཚིགས་དེའི་ནང་སྦྱོང་བརྡར་གྱི་རྟེན་གཞི་དང་འབྲེལ་བའི་གྱང་རོ་གཅིག་རང་མ་གཏོགས་གཞན་ཡོངས་རྫོགས་བཤུལ་མེད་བཟོས་སྟེ་ལོ་ངོ་བཅུ་ཕྲག་འགའ་ཤས་སོང་བའི་རྗེས།  གཞི་ནས་སྙིང་རུས་ལྡན་པའི་མི་སྣ་ཁག་ཅིག་དང་ལོ་རྒྱུས་ཉམས་ཞིབ་པ། རི་འཛེགས་པ་དང་ལྷག་པར་དུ་རྒན་ཡོལ་དུ་སོང་ཟིན་པའི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱི་འབད་རྩོལ་ལ་བརྟེན་ནས། མཐར་ཕྱི་ལོ་ ༢༠༢༤ ལོར་ཨེ་ཀར་ས་ཁྱོན་ ༥༣༨༠༤  ཅན་གྱི་རི་གྲོང་གི་ས་ཆ་ཞིག་ནང་ཆགས་པའི་ ཀེམཔ་ཧེལ། (Camp Hale) གྱི་ས་ཚིགས་དེ་བོད་མི་ཚོར་དམག་སྦྱོང་སྤྲོད་ས་ངོ་མ་དེ་ཡིན་པ་ངོས་འཛིན་ཐུབ་པ་བྱུང་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་མིའི་འཇབ་དམག་འཐབ་རྒོལ་གྱི་ལས་འགུལ་ལ་ཆེད་བསྟོད་ཞུ་ཆེད། ས་ཚིགས་དེར། བོད་མི་འཐབ་རྒོལ་བ་ཚོའི་ནང་མི་སྤུན་མཆེད་དང་། ཁོ་ཚོའི་རྒྱབ་སྐྱོར་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་བཅས་ལྷན་འཛོམས་གནང་ཡོད་པ་རེད།

tibet-cia-camp-hale_02.jpg
སྦུརུསི་ཝལ་ཀར་ (Bruce Walker) ལགས་ནི་ཀེམཔ་ཧེལ་ (Camp Hale) དུ་བོད་དམག་ཚོར་གསང་བའི་དམག་སྤྱོང་སྤྲོད་མཁན་གྱི་ཨ་རིའི་གསང་བའི་མི་སྣ་འཚོ་བཞུགས་ཡོད་པ་གཅིག་པུ་དེ་ཡིན། ((RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།)

ད་ལྟ་དགུང་ལོ་ ༩༡ ལ་སོན་པའི་སྐུ་ཞབས་ སྦུརུསི་ཝལ་ཀར་ (Bruce Walker) ལགས་ནི་ཀེམཔ་ཧེལ་ (Camp Hale) དུ་བོད་དམག་ཚོར་གསང་བའི་དམག་སྤྱོང་སྤྲོད་མཁན་གྱི་དམག་དཔོན་ ༣༠ ཙམ་གྱི་ནང་ནས་གསོན་པོར་འཚོ་བཞུགས་ཡོད་པ་གཅིག་པུ་དེ་ཡིན་ཞིང་། ཁོང་གིས། ཟླ་བ་ ༦ རྗེས་དྲན་མཛད་སྒོའི་ཞོར་དུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་དོན། “ང་ནི་སྐབས་དེའི་ལོ་རྒྱུས་བཤད་ཐུབ་མཁན་གྱི་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་མཐའ་མ་དེ་ཡིན།” ཞེས་བརྗོད་བྱུང་། 

སྐུ་ཞབས་སྦུརུསི་ཝོལ་ཀར་གྱིས་བོད་མི་ཚོར་ས་ཚིགས་དེར་དམག་སྦྱོང་སྤྲད་པའི་ལོ་རྒྱུས་ཀྱི་ཁྲོད་ནས་བོད་མི་དེ་དག་གིས་རང་གི་འཐབ་རྩོད་ཐོག་བཅངས་པའི་ཆོད་སེམས་ཆེན་པོ་ཡོད་པ་དང་། ཁོང་ཚོ་ནི་ས་ཚིགས་དེ་ནས་ཁོང་ཚོར་དམག་རྩལ་སྦྱོང་བརྡར་གྱི་གོ་སྐབས་ཁག་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བླངས་རྒྱུའི་འདུན་པ་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་གསལ་སྟོན་ཐུབ་ཀྱི་ཡོད། 

ལྡུམ་རྭ་འཚོལ་བ། 

ཕྱི་ལོ་ ༡༩༤༩  ལོར་རྒྱ་ནག་བཅིངས་གྲོལ་དམག་མིས་བོད་ནང་བཙན་འཛུལ་བྱས་པར། བོད་རྒྱལ་ཁབ་དང་དེའི་ཆོས་དང་རིག་གཞུང་བཅས་པར་སྲུང་སྐྱོབ་སླད། བོད་མི་དཀྱུས་མ་སྟོང་ཕྲག་མང་པོས་ཞི་དྲག་གི་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་ཞིང་། དེ་ནས་ ༡༩༥༨ ལོར་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་ལགས་ཀྱིས་སྣེ་ཁྲིད་འོག་འཐབ་རྒོལ་གྱི་དྲག་པོའི་སྒྲིག་འཛུགས་ཤིག་བཙུགས་པ་དང་། སྒྲིག་འཛུགས་དེར་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་མིང་གསོལ་རྩལ་གནང་ཡོད་པ་རེད།།

CH tib graphic one fixed.png

ཕྱི་ལོ་ ༡༩༦༠ ལོར་བོད་དམག་ཚོས་བལ་ཡུལ་གློ་སྨོན་ཐང་དུ་དམག་སྒར་ཞིག་བཙུགས་པ་ནས་ཕྱི་ལོ་ ༡༩༧༤ ལོར་བལ་ཡུལ་གཞུང་གིས་བཙན་དབང་གི་ཐོག་ནས་གོ་མཚོན་ཕྱིར་བསྡུའི་གནས་ཚུལ་མ་བྱུང་གྱི་བར་གནས་ཤིང་།  གློ་སྨོན་ཐང་ནི་བལ་ཡུལ་ནང་གི་རྒྱལ་ཕྲན་ཆུང་ངུ་ཞིག་ཡིན་པ་རེད། 

དུས་ཡུན་དེའི་རིང་བོད་དམག་རྣམས་ལ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་དཔལ་འབྱོར་གྱི་རོགས་རམ་དང་གསང་བའི་དམག་སྦྱོང་སྤྲད་ཅིང་།  ཕྱི་ལོ་ ༡༩༥༨ ལོ་ནས་ ༡༩༦༤ བར་ཀེམཔ་ཧེལ་ (Camp Hale) རུ་ཁྱོན་བསྡོམས་བོད་མིའི་རུ་ཁག་བཞི་གནམ་ཐོག་ནས་འོར་འདྲེན་གྱིས་དམག་སྤྱོང་སྤྲད་ཡོད་པ་རེད། 

འོན་ཀྱང་། ཆེས་གསང་བའི་ལས་འགུལ་དེ་ཐ་ན་ཀེམཔ་ཧེལ་ (Camp Hale) ཉེ་འཁྲིས་ཀྱི་མི་དམངས་ཚོས་ཀྱང་ཤེས་ཀྱི་མེད་པ་རེད། 

དེ་ཡང་མི་རྒྱུད་དཔྱད་རིག་པ་དང་བོད་ཀྱི་སྐོར་ལོ་མང་རིང་ཞིབ་འཇུག་གནང་མཁན་ ཁ་རོལ་ མེ་གྷརཱ་ཧེན་ (Carole McGranahan) ལགས་ཀྱིས། “ད་དུང་ཡིན་ནའང་དམག་སྦྱོང་ས་ཚིགས་ཀྱི་ཉེ་འཁྲིས་སུ་གནས་སྡོད་བྱེད་མཁན་ས་གནས་མི་མང་ཚོས་ཆུ་བཞི་སྒང་དྲུག་གམ་ཀེམཔ་ཧེལ་ (Camp Hale) ནང་གི་ཨ་རིའི་དབུས་གསང་བའི་ལས་དོན་སྐོར་གྱི་ལོ་རྒྱུས་ཤེས་རྟོགས་ཡོད་མཁན་དེ་ཙམ་མང་པོ་མེད།”ཅེས་འགྲེལ་བརྗོད་གནང་བྱུང་།

tibet-cia-camp-hale_04.jpg
ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ཀེམཔ་ཧེལ་ (Camp Hale) དུ་འབར་རྫས་ཀྱི་ཉེན་བརྡའི་མཚོན་རྟགས་བཀེལ་པ། དམག་སྦྱོང་བྱེད་ཡུལ་གྱི་གསང་བའི་ས་ཚིགས་དེ་ས་གནས་མི་དམངས་ལ་ཕྱིར་གྱར་མི་འབྱུང་ཆེད་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྡུལ་ཕྲན་ཚོད་ལྟའི་ལས་གཞི་ཞིག་སྤེལ་ཡོད་ལུགས་ཀྱི་གནས་ཚུལ་རྫུན་མ་བསྒྲགས་ཡོད་པ་རེད། (པར་ཁུངས་།ཿ STCIRCUS Archive of Tibetan Resistance via Hoover Institution Library & Archives)

ལྷག་དོན་དུ་དམག་སྦྱོང་བྱེད་ཡུལ་གྱི་གསང་བའི་ས་ཚིགས་དེ་ས་གནས་མི་དམངས་ལ་ཕྱིར་གྱར་མི་འབྱུང་ཆེད་གསར་འགོད་པ་ཚོར་རྡུལ་ཕྲན་རྒྱབ་གཉེར་སྡེ་ཚན་ཞིག་གིས་ཀེམཔ་ཧེལ་དུ་རྡུལ་ཕྲན་ཚོད་ལྟའི་ལས་གཞི་ཞིག་གང་མྱུར་སྤེལ་འཆར་ཡོད་ལུགས་འགྲེལ་བརྗོད་བྱས་པ་དང་། དེ་རྗེས་ལིཌ་ཝིལ་ (Leadville) ཉེ་འཁྲིས་སུ་རྡུལ་ཕྲན་བཟོ་སྦྱོར་ཚོད་ལྟ་བྱ་ཡུལ་ཞེས་འགོ་བརྗོད་དུ་བཀོད་པའི་གསར་འགྱུར་རྫུན་མ་ཞིག་ (Denver Post) གསར་ཤོག་གི་ ༡༩༥༩ ལོའི་ཕྱི་ཟླ་བདུན་པའི་ནང་བཀོད་སྤེལ་བྱས་ཡོད་པ་རེད། 

མེ་གྷརཱ་ཧེན་ (McGranahan) ལགས་ཀྱིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ས་ཚིགས་དེ་ལོ་བཞི་བཅུའི་རིང་གསང་བའི་ངང་ནས་བཞག་པའི་སྐོར་འགྲེལ་བརྗོད་གནང་སྐབས། “ད་ལྟ་ངས་བལྟས་ན། དེ་ནི་ཆེད་མངགས་མངོན་སུམ་དུ་མི་སྣང་བ་བཟོས་འདུག”ཅེས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་གསུངས་་བྱུང་། 

ལོ་རབས་ཉི་སྟོང་ཐམ་པའི་འགོ་སྟོད་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༦༤  ལོའི་ཟླ་ཚེས་ཁ་གསལ་བཀོད་པའི་གསང་བའི་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་པའི་རྗེས་གཞི་ནས་ཀེམཔ་ཧེལ། (Camp Hale) སྐོར་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མི་ལ་དམག་སྦྱོང་སྤྲད་པའི་གནས་ཚུལ་རྣམས་ཕྱིར་ཐོན་འགོ་བཙུགས་ཡོད་པ་རེད།  

ཕྱི་ལོ་ ༡༩༩༨ ལོར་བསྟན་འཛིན་བསོད་ནམས་དང་ཁོང་གི་གཟའ་ཟླ་རི་ཏུ་ས་རིན་ (Ritu Sarin) གཉིས་ཀྱིས་བཟོ་བསྐྲུན་བྱས་པའི་༼གྲིབ་གཟུགས་ཀྱི་སྒྱུ་རྩལ་ (Shadow Circus) བོད་ནང་ཨ་རིའི་གསང་བའི་ལས་དོན་༽ཟེར་བའི་དངོས་བྱུང་གློག་བརྙན་དེས་བོད་མིའི་འཐབ་རྒོལ་གྱི་ལོ་རྒྱུས་ཐོག་དོ་སྣང་སྣོན་མ་བྱུང་བ་དང་། ཡང་མེ་གྷརཱ་ཧེན(McGranahan) རང་ཉིད་ཀྱིས་བོད་མི་འཇབ་དམག་སྐོར་གྱི་བརྩམས་པའི་ (Arrested Histories) སྦས་གསང་བྱས་པའི་ལོ་རྒྱུས་༽ཀྱི་དཔེ་དེབ་སོགས་དང་།  དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཟུར་པ་ཚོར་བཅར་འདྲི་བྱས་པའི་ཡིག་ཆ་སོགས་ཀྱི་ནང་ཞིབ་ཕྲའི་གནས་ཚུལ་འཕར་མ་ཞིག་ཐོན་འགོ་བཙུགས་ཡོད་པ་རེད། 

དེ་ནས་ཕྱི་ལོ་ ༢༠༡༠ ལོར་ཨ་མི་རི་ཀའི་གཞུང་གིས། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཀེམཔ་ཧེལ་ (Camp Hale) དེ་བཞིན་བོད་མིའི་འཐབ་རྒོལ་བ་ཚོའི་ཆེད་དུ་དམག་སྦྱོང་བྱ་ཡུལ་ཡིན་པ་ཡོངས་གྲགས་སུ་ངོས་ལེན་བྱས་པའི་ས་རྟགས་ཤིག་བཙུགས་པའི་རྗེས་སུའང་དམག་སྦྱོང་དངོས་སུ་བྱེད་ཡུལ་ས་ཚིགས་ངེས་གཏན་ཤེས་རྟོགས་མེད་པར་ལྷག་ཡོད་པ་རེད།

tibet-cia-camp-hale_05.jpg
ཁ་རོལ་ མེ་གྷརཱ་ཧེན་ (Carole McGranahan) ལགས་ནི་མི་རྒྱུད་དཔྱད་རིག་པ་དང་བོད་ཀྱི་སྐོར་ལ་ཉམས་ཞིབ་མཁས་པ་ཞིག་ཡིན་ཞིང་། ཁོང་གིས་ལོ་མང་རིང་ཀེམཔ་ཧེལ་ (Camp Hale) ས་ཚིགས་ཏག་ཏག་འདི་ཉིད་རྩད་འཚོལ་གནང་ཡོད། ((RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།)

ས་ཚིགས་ངོས་འཛིན་ས་རྟགས་དེ་བཙུགས་པའི་རྗེས། དེ་སྔ་དམག་སྦྱོང་སྤྲད་ཡུལ་དུ་ཕྱག་ལས་གནང་མྱོང་མཁན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ རཱོ་ཇཱར་ མེག་ཀར་ཐི་ (Roger McCarthy) ལགས་དང་། ཀེན་ཀནོསི་ (Ken Knauss) ལགས་རྣམ་གཉིས་ཚུད་པའི་བགྲེལ་ཡོལ་དུ་སོང་ཟིན་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་དང་། བོད་དམག་ཟུར་པ་ཁག་ཅིག་གིས་དེ་སྔ་དམག་སྦྱོང་སྤྲོད་ཡུལ་གྱི་ས་ཚིགས་ཏག་ཏག་དེ་འཚོལ་དུ་ཕྱིན་ནའང་།  སྐབས་དེར་སྟབས་མ་ལེགས་པ་ཞིག་ལ། ལོ་མང་རིང་ཁོང་ཚོ་སྡོད་ས་དང་ལས་ཀ་བྱེད་སའི་ས་ཆ་དེ་རྙེད་ཐུབ་མེད་པར་བརྟེན་ཡིད་ཐང་ཆད་པ་དང་སུན་སྣང་གི་སྒོ་ནས་རང་ཕྱོགས་སུ་ཕྱིར་ལོག་བྱ་དགོས་ཆགས་པའི་གནས་ཚུལ་ཤེས་རྗེས། ཉམས་ཞིབ་པ་མེག་གྷརཱ་ཧེན་ (McGranahan) ལགས་ཀྱིས་ས་ཚིགས་ཏག་ཏག་དེ་རྩད་འཚོལ་བྱེད་རྒྱུ་གཙོ་བཟུང་གི་དམ་བཅའ་བཞག་པ་འགྲེལ་བརྗོད་གནང་བྱུང་། 

ས་ཚིགས་དངོས་དེ་འཚོལ་བར་ལོ་ཟླ་མང་པོ་འགོར་སྲིད་མིན་ལ་མ་བལྟོས་པར། སོ་སོས་བཞག་པའི་དམ་བཅའ་དོན་འཁྱོལ་བྱ་རྒྱུར། མེག་གྷརཱ་ཧེན་ (McGranahan) ལགས་ཀྱིས། ཝེལ་ (Vail) ལུང་གཤོངས་ཀྱི་ས་གནས་མི་མང་དང་རི་འཛེགས་པ་ ཊརེ་སི་ ཝལ་ཊར་ (Tracy Walters) བཅས་ཀྱི་རོགས་རམ་ལ་བརྟེན་ནས་མཐར་ལས་དོན་དེ་སྒྲུབ་ཐུབ་པ་བྱུང་འདུག 

ཁོང་རྣམས་ཀྱིས་ཕྱི་ལོ་ ༡༩༦༣ ནས་ ༡༩༦༤ བར་བླངས་པའི་ཀེམཔ་ཧེལ་ (Camp Hale) དམག་སྦྱོང་ས་ཚིགས་ཀྱི་པར་རྙིང་པ་དེ་དག་དང་ད་ལྟའི་ས་ཚིགས་ཀྱི་བཀོད་པ་དང་དབྱིབས་སོགས་མཚུངས་བསྡུར་གྱིས་བོད་མི་ཚོས་འབོད་པའི་ལྡུམ་རྭ་འཚོལ་ཐབས་བྱས་ཡོད། 

མེག་གྷར་རན་ཧེན་ (McGranahan) ལགས་ཀྱིས། ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་། ས་ཚིགས་དང་པོ་དེ་ལས་སླ་པོའི་སྒོ་ནས་རྙེད་པ་གསུངས་ཤིང་། ས་ཚིགས་གཉིས་པ་དེ་རྙེད་དཀའ་བ་བྱུང་འདུག  “ང་ཚོས་ས་ཚིགས་ཏག་ཏག་དེ་མ་རྙེད་བར་དུ་པར་རྙིང་པའི་ནང་གཟུགས་དབྱིབས་དང་འཆར་སྣང་ཁག་ས་ཚིགས་དངོས་ཀྱི་དབྱིབས་དང་བསྡུར་དགོས་བྱུང་”ཞེས་དང་། “མཐའ་མ་དེར་ང་ཚོར་རྙེད་བྱུང་།”ཞེས་ཁོང་མོས་དགའ་ཚོར་གྱི་རྣམ་འགྱུར་དང་བཅས་བརྗོད་ཀྱི་འདུག


Camp Hale Map_CIA Tibet_Tibetan Resistance Movement.jpg

དེ་ནས་ཁོ་མོས། དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཝལ་ཀར་དང་གློག་བརྙན་བཟོ་སྐྲུན་གནང་མཁན་བསྟན་འཛིན་བསོད་ནམས་དང་ས་རིན་བཅས་ལ། ཁོང་ཚོར་རྙེད་པའི་ས་ཆ་དེ་ལྡུམ་རྭ་ཆགས་ཡུལ་གྱི་ས་ཚིགས་ཏག་ཏག་དེ་ཡིན་མིན་གོ་བསྡུར་བྱས་མཐར།  སྐུ་ཞབས་ཝལ་ཀར་ (Walker) ལགས་ཀྱིས། “འཇོན་པོ་བྱུང་། ཁྱེད་ཀྱིས་ས་ཚིགས་དེ་རྙེད་འདུག    པར་དེ་ཚོ་ངས་བླངས་པ་ཡིན།” ཞེས་ཁོ་མོར་ལན་འདེབས་གནང་། 

སྐུ་ཞབས་བྷུརུསི་ཝལ་ཀར་ (Bruce Walker) ལགས་ནི་ཕྱི་ལོ ༡༩༦༠ ལོ་ནས་ ༡༩༦༤ བར་ཀེམཔ་ཧེལ་ Camp Hale དམག་སྦྱོང་ལྟེ་གནས་དང་འབྲེལ་བའི་ཨ་རི་གསང་བའི་ལས་ཁུངས་ནང་བོད་སྐད་ཤོད་ཐུབ་མཁན་གྱི་ལས་བྱེད་པ་གཅིག་པུ་དེ་ཡིན་འདུག 

གོ་ནོར་ཐེབས་པའི་ལས་འགུལ་ཞིག་རེད་དམ། 

སྐུ་ཞབས་ཝལ་ཀར་ལགས་འདི་ལོའི་སྤྱི་ཟླ་ ༦ པའི་ནང་། རང་གི་བཟའ་ཟླ་དང་གྲོགས་པོ་ཁ་ཤས་མཉམ་དུ་ཁཱ་ལེ་ཧྥོར་ནི་ཡཱ་མངའ་སྡེ་ནས་ཀེམཔ་ཧེལ་ (Camp Hale ) དུ་ཆེད་ཕེབས་ཀྱིས། ལོ་ངོ་བཅུ་ཕྲག་འགའ་ཤས་སྔོན་ཁོང་རང་ཉིད་ནས་དམག་སྦྱོང་སྤྲད་པའི་བོད་དམག་དེ་དག་ལ་རྗེས་དྲན་ཞུ་བའི་མཛད་སྒོ་དེར་ལྷན་ཞུགས་གནང་ཡོད་པ་རེད། བོད་དམག་ལ་སྦྱོང་བརྡར་སྤྲད་པའི་དམག་སྦྱོང་ལས་འགུལ་དེའི་གསང་མིང་ལ་ (ST Circus) ཞེས་བཏགས་འདུག 

ད་ཆ་དབུ་སྐྲ་དཀར་ཞིང་ལོ་ན་དགུ་བཅུའི་ནང་ཕེབས་པའི་སྐུ་ཞབས་ཝལ་ཀར་ (Walker) ལགས་ཀྱིས། ལོ་རབས་བཅུ་ཕྲག་དུ་མའི་སྔོན་ (ST Circus) ཞེས་གསང་མིང་བཏགས་པའི་དམག་སྦྱོང་ལས་འགུལ་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་དེའི་ནང་ཆེས་གསང་བ་དམ་པོའི་འོག་དམག་སྤྱོང་སྤྲོད་ཡུལ་གྱི་བོད་མི་ཚོའི་སྙིང་སྟོབས་དང་ཆོད་སེམས་འགྲེལ་བརྗོད་གནང་སྐབས་ཁོང་གི་ལུས་ངག་གི་རྣམ་འགྱུར་དགའ་ཚོར་དང་སྤོབས་པ། ལུས་པོའི་ནུས་སྟོབས་ཀྱང་འཕེལ་བའི་རང་བཞིན་ཞིག་མངོན་གྱི་འདུག 

“ཡང་ཕྱོགས་གཞན་ཞིག་ནས་གསང་བའི་ལས་འགུལ་དེར་སྤྱི་ཚོགས་ནང་གོ་ནོར་ཐེབས་ཡོད། ཨ་རིའི་དབུས་གསང་བའི་ལས་ཁུངས་ནང་ཡོད་པའི་ལས་བྱེད་པ་ཚོས་བོད་མི་ཚོ་ཨ་རིའི་དགོས་མཁོའི་ཆེད་བེད་སྤྱོད་གཏོང་བཞིན་ཡོད་པ་བསམ་མཁན་བྱུང་ཡོད། དེ་ནི་བདེན་པ་མ་རེད་ལ། ང་ཚོས་དེ་འདྲ་བྱས་མེད།” ཅེས་འགྲེལ་བརྗོད་གནང་བྱུང་། 

tibet-cia-camp-hale_06.JPG
ཕྱི་ལོ་ ༢༠༡༠ ལོར་ཀེམཔ་ཧེལ(Camp Hale) གྱི་ས་རྟགས་ཤིག་བཙུགས་ཡོད་པ་རེད། (RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།)

ད་དུང་ཁོང་གིས། “ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིར་གྲོགས་པོ་ཉུང་ཤས་ལས་མེད་ཅིང་། ལོ་རབས་ལྔ་བཅུའི་ནང་ཨ་རིའི་གཞུང་དང་དབུས་གསང་བའི་ལས་ཁུངས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མི་ཚོར་རོགས་རམ་བྱེད་མཁན་ཉུང་ཤས་དེའི་ཁོངས་ཡིན་པ་རེད།”ཅེས་མུ་མཐུད་གསུངས། 

དོན་དངོས་ཐོག་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མིའི་ལས་འགུལ་དེར་ལོ་རབས་བདུན་ཅུའི་འགོ་སྟོད་བར་དམག་སྦྱོང་དང་རོགས་སྐྱོར། གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་རེད། 

 “ང་ཚོས་བོད་ནང་དམག་མི་བཏང་བ་དང་ལྕགས་ཁྲབ་འཁོར་ལོ་སོགས་བཏང་མེད་ནའང་། ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱས་ཏེ། བོད་ས་ཁྱོན་ཡོངས་ཀྱི་འཐབ་རྒོལ་ལ་མདུན་བསྐྱོད་འབྱུང་ཐབས་བྱས་པ་རེད།”ཅེས་གསུངས་བྱུང་།

ཀེམཔ་ཀེལ་རུ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་བཅུ་གྲངས་ཤིག་གིས་བོད་མི་འཐབ་རྒོལ་བ་ཚོར་རྒྱ་ཁྱོན་ཡངས་པའི་དམག་དོན་ལག་རྩལ་སྦྱོང་བརྡར་སྤྲད་འདུག 


tibet-cia-camp-hale_09.JPG
ཀེམཔ་ཧེལ་ (Camp Hale) དུ་བོད་དམག་ཚོར་གསང་བའི་དམག་སྤྱོང་སྤྲོད་སའི་ས་ཚིཊ་རྙེད་པའི་མཛད་སྒོའི་སྐབས་སྦུརུསི་ཝལ་ཀར་ (Bruce Walker) ལགས་ཀྱིས་གསུང་བཤད་གནང་པའི་རྣམ་པ། (RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།)

ཡང་སྐུ་ཞབས་ཝལ་ཀར་ལགས་ཀྱིས། “ས་ཆ་འདི་ནི་དམིགས་སུ་བཀར་ནས་བོད་ནང་གི་དྲག་རྒོལ་ལས་འགུལ་ནང་མཉམ་ཞུགས་ཆེད་གནམ་མཆོང་བརྒྱབ་མཁན་བོད་མི་འཐབ་རྒོལ་བ་ཚོར་རླུང་འཕྲིན་དང་ཏར་འཕྲིན་སྦྱོང་བརྡར་སྤྲད་ཡུལ་དེ་ཡིན་ཞིང་། དམིགས་ཡུལ་ནི་ཁོང་ཚོས་བོད་ནང་ནས་སྐབས་བབས་ཀྱི་གནས་སྟངས་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་རྒྱུ་དེ་རེད།” ཅེས་འགྲེལ་བརྗོད་གནང་བྱུང་།  ལོ་ངོ་མང་པོ་ཞིག་གི་རིང་བོད་དམག་དེ་དག་བོད་ནང་དང་བལ་ཡུལ་ནང་གི་གློ་སྨོན་ཐང་དུ་གནམ་ཐོག་ནས་གཡུགས་ཤིང་། ཁོང་ཚོས་ས་ཁུལ་དེ་དག་ནང་གནས་པའི་བོད་མི་འཐབ་རྒོལ་བ་སྟོང་ཕྲག་འགའ་ཤས་ལ་རོགས་སྐྱོར་དང་སྦྱོང་བརྡར་སྤྲད་འདུག 

དོན་དངོས་ཐོག་བོད་མི་འཐབ་རྒོལ་བ་ཚོར་གསང་བའི་སྦྱོང་བརྡ་སྤྲད་ཡུལ་ས་ཚིགས་དང་པོ་དེ་ཀེམཔ་ཧེལ་ (Camp Hale) མིན་པར། དེ་ནི་བྱང་མ་རི་ཡ་ནའི་གླིང་ཕྲན་སཡེ་པེན་ (Saipan) ཟེར་བ་དེར་ཚོད་ལྟ་བྱས་ཡོད་པ་རེད།  ཏར་འཕྲིན་སྦྱོང་བརྡར་ཐོབ་པའི་བོད་མིའི་རུ་ཁག་དང་པོ་དེ་ ༡༩༥༧ ལོར་བོད་ནང་གཡུགས་འདུག  འོན་ཀྱང་སཡེ་པེན་ (Saipan) ས་ཁུལ་དེའི་ཚ་དྲོད་ཆེ་བའི་གནམ་གཤིས་བོད་མི་ཚོར་མ་འཕྲོད་པའི་རྐྱེན་གྱིས་མཐར་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་ཀོ་ལོ་ར་ཌོ་མངའ་སྡེའི་ས་ཁུལ་ཁེམ་ཧེལ་དུ་གནས་སྤོས་བྱས་ཤིང་། དེ་ནི་བོད་ཀྱི་གནམ་གཤིས་དང་ས་ཆའི་ཆགས་བབས་སོགས་དང་འདྲ་མཚུངས་ཡོད་པས་རེད་འདུག

ཀེམཔ་ཧེལ་གྱི་འཚོ་བ། 

སྐུ་ཞབས་ཝལ་ཀར་ལགས་ཀྱི་བོད་མིའི་ལས་གཞི་དང་འབྲེལ་བའི་འོས་འགན་དང་པོ་ནི་སཡེ་པེན་ (Saipan) དུ་དམག་སྦྱོང་དུ་སླེབས་པའི་གྱི་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་དག་ལ་གཟའ་འཁོར་དྲུག་རིང་ལྟ་རྟོག་བྱ་རྒྱུ་དང་ཁོང་ཚོར་ཁ་ལག་བཟོ་རྒྱུ་བཅས་རེད་འདུག

དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༤ པའི་ནང་། སྐུ་ཞབས་ཝལ་ཀར་ཀེམཔ་ཧེལ་ (Camp Hale) དུ་ཐོག་མར་འབྱོར་སྐབས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་དོ་དམ་པའི་ལས་འགན་འཁྱེར་ཞིང་། འོན་ཀྱང་། ཁོང་ལོ་གཉིས་ཀྱི་རྗེས་ལ་མ་གཏོགས་ས་ཚིགས་དེར་གཏན་འཇགས་ཀྱི་ཕྱག་ལས་གནང་འགོ་བཙུགས་མེད། རྒྱུ་མཚན་ནི། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ཁོང་སྐད་ཡིག་གང་མང་ལ་སློབ་སྦྱོང་ཆེད་ས་ཁུལ་གཞན་དུ་མངགས་གཏོང་བྱས་པ་དེ་ཡིན། 

དེ་ནས་ཕྱི་ལོ་ ༡༩༦༢ ཟླ་ ༩ ནང་ཀེམཔ་ཧེལ་ (Camp Hale) དུ་ཨག་ཚོམ་དམར་ལ་རྟུལ་ཕོད་ཅན་གྱི་མི་སྣ་ཞིག་སླེབས་ཡོད་པ་དེ་ནི་སྐུ་ཞབས་ཝལ་ཀར་ལགས་རེད། ཁོང་ལོ་གཉིས་ཀྱི་རྗེས་ས་ཚིགས་དེར་སླར་ཡང་འབྱོར་སྐབས། དེར་སྡོད་གནས་གསར་རྒྱག་སོགས་བསྐྱར་གསོའི་ལས་གཞི་མང་དག་ཅིག་སྤེལ་ཟིན་པ་མཐོང་འདུག་ལ། སྡོད་ཁང་སོགས་གསར་རྒྱག་ཟིན་པ་དེ་དག་ནི་ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་བོད་མི་འཐབ་རྒོལ་བའི་རུ་ཁག་ཨང་བཞི་པ་དང་མཐའ་མ་དེ་འབྱོར་མཁན་ཚོར་གྲ་སྒྲིག་འཐུས་གཙང་དུ་གྱུར་ཡོད་པ་རེད། 

tibet-cia-camp-hale_10.jpg
ཀེམཔ་ཧེལ་ (Camp Hale) དུ་ཡོད་པའི་དམག་སྦྱོང་བྱེད་སའི་ས་ཚིགས་ཁག་ནི་པར་ཚགས་ཁག་ནང་མཐོང་རྒྱུ་ཡོད། (པར་ཁུངས་།ཿ STCIRCUS Archive of Tibetan Resistance via Hoover Institution Library & Archives)

ཀེམཔ་ཧེལ་ (Camp Hale) དམག་སྦྱོང་བྱ་ཡུལ་ས་ཚིགས་སུ་འཛིན་ཁང་བཞི་དང་། སྤྲོ་གསེང་ཁང་གཅིག ལས་བྱེད་པའི་སྡོད་ཁག་ཅིག འཛིན་སྐྱོང་ལས་ཁུངས་གཅིག ལུས་རྩལ་ཁང་གཅིག དེ་ནས་གསོལ་ཚིགས་ཁང་གཅིག་དང་མཛོད་ཁང་གཅིག་བཅས་ཡོད་འདུག 

སྐུ་ཞབས་ཝལ་ཀར་ལགས་ཀྱིས་ཕྱིར་དྲན་གནང་སྐབས། “ས་ཚིགས་དེ་ནི་ཧ་ཅང་གི་བྲེལ་འཚུབ་ཆེ་བའི་སྦྱོང་བརྡར་ས་ཚིགས་ཤིག་རེད། དམག་སྦྱོང་བ་ཚོར་གཅིག་རྗེས་གཉིས་མཐུད་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་མ་ཟད། དམག་སྦྱོང་གི་ལས་རིམ་ཆ་ཚང་དོ་ནན་པོ་ཞེ་དྲགས་ཡོད་པ་རེད། ཅེས་གསུངས་བྱུང་།” ཞེས་འགྲེལ་བརྗོད་གནང་བྱུང་། 

དུས་ཡུན་དེའི་རིང་བོད་དམག་ཙམ་མིན་པར། སྐུ་ཞབས་ཝལ་ཀར་རང་ཉིད་ལ་ཡང་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ཡིན་པ་གསུང་གི་འདུག  “ང་ནི་དང་ཐོག་བོད་སྐད་མི་ཤེས་མཁན་གྱི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་དོ་དམ་པ་ཞིག་རེད། འོན་ཀྱང་གནས་སྟངས་དེ་གའི་འོག་ངས་བོད་མི་ཚོར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བཟོས་པའི་ས་ཁྲ་དམིགས་བསལ་ཅན་ཞིག་ཡོད་པ་དེ་གཞི་ལ་བཞག་ནས་ས་གནས་ངོས་བཟུང་དང་ས་ཕྱོགས་ལྟ་སྟངས་སོགས་ཀྱི་སྦྱོང་བརྡར་སྤྲད་པ་ཡིན།” ཞེས་གསུངས་བྱུང་། 

འོན་ཀྱང་སྐུ་ཞབས་ཝལ་ཀར་གྱིས་རིམ་པས་བོད་སྐད་སྦྱངས་ཏེ་སྦྱོང་བརྡར་སྤྲད་ཡུལ་ཚོ་དང་ཐད་ཀར་འབྲེལ་བ་བྱས་ཐུབ་པ་བྱུང་འདུག  “སྐད་ཡིག་ཤེས་པ་དེའི་ཐོག་ནས་ངས་དེ་སྔ་རྩ་བ་ནས་ཐུག་མྱོང་མེད་པའི་མི་རིགས་གཞན་ཞིག་དང་ཐད་ཀར་འབྲེལ་བ་བྱེད་ཐུབ་པ་དེ་ནི་ངའི་ལས་ཀའི་ངོ་བོར་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་”ཅེས་ཁོང་གིས་ཕྱིར་དྲན་བྱས་ཏེ་གསུངས་བྱུང་། 

བོད་མི་འཇབ་རྒོལ་བ་ཚོར་རླུང་འཕྲིན་དང་ཏར་འཕྲིན། མྱུལ་ཞིབ། གཡུལ་འགྱེད་ཐབས་བྱུས། (Fort Carson ཀོ་ལོ་ར་ཌོའི་ནང་གི་དམག་སྒར་གཞན་ཞིག་) ཏུ་གནམ་མཆོང་། གསང་བའི་གནས་ཚུལ་བསྡུ་ལེན། ཡིག་ཐོག་དང་འདྲ་པར་གྱི་ལམ་ནས་གསང་གནས་བརྗེ་ལེན། འཛམ་གླིང་གི་ལོ་རྒྱུས་དང་ས་ཁམས། དེ་བཞིན་དཔུང་འདེགས་མེ་ཤུགས་འཕུར་མདེལ་དང་། ལག་སྦམ། མེ་མདའ་རྒྱག་རྒྱུ་སོགས་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་རེད། 

 “ཁོང་ཚོར་མེ་མདའ་རིང་མདའ་M1-Garand rifle བཀོལ་སྤྱོད་བྱེད་པའི་སྒོ་ནས་དམག་སྤྱོང་སྤྲད་ཅིང་། དེ་ཡང་རི་སྒང་དམག་སྡེ་ཨང་ ༡༠ པའི་མེ་མདའ་རྒྱག་སའི་འབེན་རྭ་རྙིང་པའི་ཐོག་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། ལས་གཞི་དེའི་ཆེད་དུ་མཚོ་དམག་གི་མདའ་པ་གཉིས་ཀྱང་གླས་ཏེ། མེ་མདའ་རྒྱག་སྟངས་ཙམ་མ་ཟད། ཁོང་གཉིས་ཀྱིས་བོད་དམག་ཚོར་ཉི་ཧོང་གི་རང་སྲུང་བྱེད་སྟངས་དང་འབྲེལ་བའི་དྲག་རྩལ་(jiu jitsu)གྱི་སྦྱོང་བརྡར་ཡང་སྤྲད་པ་རེད་”ཅེས་ཁོང་གིས་འགྲེལ་བརྗོད་གནང་བྱུང་། 

tibet-cia-camp-hale_11.jpg
ཀེམཔ་ཧེལ་ (Camp Hale) དམག་སྦྱོང་བྱ་ཡུལ་ས་ཚིགས་སུ་འཛིན་ཁང་བཞི་དང་། སྤྲོ་གསེང་ཁང་གཅིག ལས་བྱེད་པའི་སྡོད་ཁག་ཅིག ལུས་རྩལ་ཁང་གཅིག དེ་ནས་གསོལ་ཚིགས་ཁང་གཅིག་བཅས་ཡོད་འདུག (STCIRCUS Archive of Tibetan Resistance via Hoover Institution Library & Archives)

མེ་མདའ་རིང་མདའ་ M1-Garand rifle ནི་འཛམ་གླིང་དམག་ཆེན་གཉིས་པ་དང་ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཨ་མི་རི་ཀའི་དམག་དཔུང་གིས་བེད་སྤྱོད་བྱས་པའི་རིང་མདའ་ཞིག་རེད། 

ཁོང་ཚོ་ནི་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཤིང་། ཨ་རིའི་ནང་འཐབ་རྒོལ་སྦྱོང་བརྡར་གྱི་གསང་བའི་ལས་འགུལ་ནང་དྭངས་བླངས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་མཁན་ཤ་སྟག་ཡིན་པ་རེད། ཁོང་ཚོར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་ཆེ་མཐོང་ཆེན་པོ་བྱེད་ཅིང་། རྒྱབ་ལྗོངས་མི་འདྲ་བ་ཡོད་པའི་བོད་མི་དེ་དག་ནི་བོད་ཀྱི་འཐབ་རྩོད་ཆེད་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་འདུས་ཡོད་པར་མ་ཟད། ཁོང་ཚོའི་ཁྲོད་གནས་སྐབས་སྡོམ་པ་ཕྱིར་ཕུལ་མཁན་གྱི་གྲྭ་པ་ཡང་ཡོད་པ་རེད། 

 “ཁོ་ཚོར་གླ་ཆ་སོགས་གང་ཡང་མེད།  ལས་ཀ་བྱེད་འདོད་ཡོད་པ་དང་ཧ་ཅང་འཇོན་ཐང་ཆེ་བའི་ལས་ཀ་བྱེད་པའི་ནུས་པ་ཡོད་མཁན་ཤ་སྟག་རེད།”ཅེས་གསུངས་བྱུང་། 

སྐུ་ཞབས་ཝལ་ཀར་ལགས་ཀྱིས་བོད་མི་དེ་དག་གནས་ཚུལ་ཧ་ཅང་ཤེས་མགྱོགས་པོ་ཡོད་པ་དྲན་གནང་གི་འདུག “ཁོང་ཚོ་སློབ་སྦྱོང་བྱེད་རྒྱུར་སྤྲོ་སེམས་ཆེན་པོ་ཡོད་པ་མ་ཟད། དོ་སྣང་ཆེན་པོ་ཡོད་སྟབས། སྦྱོང་བརྡར་འཕྲལ་དུ་བྱེད་ཐུབ་ཡོད། ང་ཚོ་ཡང་ཁོང་ཚོ་དང་མཉམ་ལས་བྱ་རྒྱུར་དགའ་པོ་ཡོད་སྟབས། ཁོང་ཚོ་རྒྱུས་ལོན་ཐུབ་པ་བརྒྱུད་སྦྱོང་བརྡར་གྱི་ལམ་ནས་དམིགས་ཚད་བཟུང་བའི་གྲུབ་འབྲས་ལས་སླ་པོའི་ཐོག་ནས་སོན་རྒྱུར་ཕན་ཐོགས་བྱུང་།” ཞེས་བརྗོད་བྱུང་།

བོད་མིའི་རྣམ་དཔྱོད་དང་། རང་གསོའི་ནུས་པ། 

གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོ་ནི་བོད་མི་ཚོའི་སློབ་འདོད་དང་རྣམ་དཔྱོད། དེ་བཞིན་དཀའ་ངལ་སེལ་ཐབས་དང་འབྲེལ་བའི་གསར་གཏོད་ཀྱི་ནུས་པ་སོགས་ལ་ངོ་མཚར་སྐྱེས་ཀྱི་ཡོད་པ་སྐུ་ཞབས་ཝལ་ཀར་ལགས་ཀྱིས་གསུང་གི་འདུག  

“སྐབས་ཤིག་ལ་འཐབ་རྒོལ་བ་ཚོས་ཤིང་གི་གཞོང་པ་དང་། མེ་རྫས།  ཁྱིམ་བཟོས་སྣུམ་ནག ད་དུང་མེ་སྒྱོགས་ཀྱི་རྩེ་རྡོག་སོགས་བེད་སྤྱོད་བྱས་ཏེ་མེ་ཤུགས་འཕུར་མདའ་ཞིག་བཟོས་པ་རེད།”ཅེས་ཀེམཔ་ཧེལ་ཁུལ་གྱི་ Vail ཉིན་རེའི་གསར་ཁང་ལུང་འདྲེན་གྱི་འགྲེལ་བརྗོད་བྱས་བྱུང་།  

བོད་མི་ཚོ་ནི་དྲ་སྤོལ་རྩེ་རྒྱུར་ལྷན་སྐྱེས་ཀྱི་ནུས་རྩལ་འདུག་ལ། སྐབས་རེར་འགྲན་བསྡུར་ཆེན་པོའི་རིགས་ནང་མཉམ་ཞུགས་ཀྱང་བྱས་ཡོད།  གཟའ་མཇུག་ཏུ་སྤྲོ་གསེང་ཁང་དུ་གློག་བརྙན་སྟོན་སྲོལ་ཡོད་པ་དང་།  དམག་སྦྱོང་སྤྱི་ཁྱབ་ལས་ཁུངས་ཀྱིས་གློག་བརྙན་གསར་པ་རྣམས་རེས་མོས་ཀྱིས་སྟོན་སྲོལ་ཡོད་པ་རེད།  བོད་མི་ཚོ་ནི་ནུབ་ཕྱོགས་ཀྱི་གློག་བརྙན་ལྟ་རྒྱུ་དགའ་པོ་ཡོད་པ་དེར་ཧང་སང་དགོས་དོན་མེད་ཀྱང་ཁོང་ཚོའི་དགའ་ཤོས་ནི་རྒྱལ་པོ་དང་ང་ (The King and I) ཞེས་པའི་གློག་བརྙན་དེ་ཡིན།  

“ཁོང་ཚོའི་དགའ་ཚོར་གྱི་རྣམ་འགྱུར་མཐོང་རྒྱུ་ནི་ང་ཚོའི་དགའ་སྣང་གི་འབྱུང་ཁུངས་ཤིག་ཆགས་པ་རེད།”ཅེས་གསུངས་བྱུང་།  

tibet-cia-camp-hale_12.jpg
ཕྱི་ལོ་ ༡༩༦༣ ལོར་ཀེན་ཀནོསི་ (Ken Knauss) དང་བོད་པའི་སྦྱོང་བརྡར་སྤྲོད་ཡུལ་ཚོས་བཟོས་པའི་དཀར་ཆག་གི་ནང་མའོས་བོད་མིའི་འཚོ་བའི་གོམས་སྲོལ་ཁག་གཏོར་སྐྱོན་བཟོ་རྒྱུར་སྣེ་ཁྲིད་བྱས་པ་གསལ་སྟོན་བྱས་ཡོད། (STCIRCUS Archive of Tibetan Resistance via Hoover Institution Library & Archives)

“ཁོང་ཚོ་ལ་ད་དུང་རི་མོ་འབྲི་བའི་སྒྱུ་རྩལ་ངོ་མཚར་ཅན་ཞིག་ཀྱང་འདུག   ཁོང་ཚོར་རི་མོ་འབྲི་ཆེད་ས་སྨྱུག་དང་ཚོན་ལྡན་སྨྱུ་གུ་རྣམས་མཁོ་སྤྲོད་བྱས་པ་ཙམ་དུ་མ་ཟད། དམིགས་བསལ་ཉར་ཚགས་བྱེད་པའི་ཁོང་ཚོའི་རི་མོ་འགའ་ཤས་ནང་། རྒྱ་མིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམའ་འབེབས་བྱས་པ་མཚོན་པའི་རི་མོ་ཞིག་ཀྱང་ཡོད་པ་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་དགོས་མཁོའི་ཡིག་ཆའི་ནང་བེད་སྤྱོད་བྱས་ཡོད་པ་རེད།”ཅེས་ཁོང་གིས་འགྲེལ་བརྗོད་གནང་་གི་འདུག།   

རེས་གཟའ་སྤེན་པའི་དགོང་མོར། བོད་མི་ཚོས་གསང་བའི་ལས་ཁུངས་ཀྱི་མ་བྱན་ཇཱོ་ (Joe) དང་བྷིལ་ (Bill) གཉིས་ཀྱི་ཐབ་ཚང་ནས་ལས་འགན་བླངས་ཏེ། བོད་ཟས་མོག་མོག་དང་ཤ་བག་ལེབ་སོགས་བཟོ་གི་ཡོད། 

ཡིན་ན་ཡང་། ཁོ་ཚོས་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ལ་དམ་འཛིན་བྱེད་ཀྱི་མེད་པའི་སྐོར་སྐུ་ཞབས་ཝལ་ཀར་ལགས་ཀྱིས་འགྲེལ་བརྗོད་གནང་ཡག་ལ། ཀེམཔ་ཧེལ་ (Camp Hale) བརྒྱུད་ནས་དབྱར་ཁ་ལུག་འཚོ་དེད་ཆོག་རྒྱུར་ཆོག་མཆན་ཐོབ་པའི་ལུག་རྫི་ཞིག་ཡོད་ཅིང་། “ཉིན་གཅིག་ཁོ་པའི་ལུག་ཞིག་ཚང་མེད་པ་ཤེས་རྟོགས་བྱུང་ཡོད་པ་རེད།  ཁོ་པའི་ལུག་ཁྱུ་འཚོ་དེད་གྱི་ལམ་དེ་བོད་མི་འཐབ་རྒོལ་བ་ཚོའི་སྡོད་གནས་རྒྱུད་ཐད་ཀར་འཁེལ་གྱི་ཡོད། འོན་ཀྱང་གསང་བའི་དམག་སྦྱོང་གི་རྟེན་གཞིའི་ཐོག་དོགས་པ་མི་ཡོང་བའི་ཆེད་ང་ཚོས་ལུག་ཁྱུ་འཚོ་དེད་སྐབས་སྡོད་ཁང་གི་ཕྱི་ལོགས་སུ་མི་སུ་ཡང་མེད་པ་ངེས་གཏན་བྱེད་ཀྱི་ཡོད།”ཅེས་སྐུ་ཞབས་ཝལ་ཀར་གྱིས་འགྲེལ་བརྗོད་གནང་བྱུང་།

དབྱར་དུས་རྗེས་ལུག་རྫི་དེ་ཀེམཔ་ཧེལ་ནས་ཕྱིར་ཐོན་སྐབས་ཁོས་ལུག་གྲངས་བཤེར་བྱས་ཤིང་། ལུག་ཅིག་ཚང་མེད་པ་ཤེས་པ་རེད། “ཁོས་ལུག་ཅིག་མ་ཚང་བའི་སྐོར་ས་ཁུལ་གྱི་དམག་མིའི་འགོ་ཁྲིད་ཚོར་ཞུ་གཏུག་བྱས་པ་དང་། ང་ཚོར་འདིའི་སྐོར་འདྲི་རྩད་སླེབས་བྱུང་། ང་ཚོས་ལུག་དེ་ལམ་ལོག་ཐེབས་ནས་་ཁྱུ་ནས་བརླག་པ་ཡིན་སྲིད་ལུགས་འགྲེལ་བརྗོད་བྱས་པ་ལས་གཞན་འགྲེལ་བཤད་རྒྱག་ཡག་གང་ཡང་བསྡད་མེད།” ཅེས་འགྲེལ་བརྗོད་གནང་པ་དང་།  “མཐར་ང་ཚོས་བོད་མི་གཉིས་ཀྱིས་ལུག་ཞིག་འཇུས་ནས་སྐམ་བསྲེགས་བཏང་ཞིང་། བོད་མི་གཞན་དང་ལུག་ཤ་མཉམ་ཟས་བྱས་པ་ཤེས་རྟོགས་བྱུང་། ལུག་རྫི་དེ་ཁོང་ཁྲོ་ལངས་པ་དང་ང་ཚོས་གནད་དོན་འདིར་འཁུར་ལེན་ཕྱོགས་ཐད་འདོད་བློ་མི་ཁེངས་པ་བྱུང་སོང་། ད་ནི་གནས་ཚུལ་འདི་ང་ཚོའི་བསམ་བློའི་ནང་མེད་པ་ཆགས་ཟིན་པ་རེད།”ཅེས་བཞད་གད་དང་བཅས་འགྲེལ་བརྗོད་གནང་བྱུང་། 


དཔའ་ངར་ཆེ་ཞིང་སྤུས་ཀ་བཟང་བའི་འཇབ་དམག 

ཕྱི་ལོ་ ༡༩༦༠ ལོར་འཐབ་རྒོལ་བ་ཚོའི་སྔོན་འགྲོའི་རུ་ཁག་གི་ཚུལ་དུ་འཇབ་དམག་ཚོར་གནམ་མཆོང་སྦྱོང་བརྡར་སྤྲད་དེ་བོད་ནང་གནམ་གཡུགས་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་། ལོའི་དེའི་ཟླ་བ་ ༥ པའི་ནང་ཨུ་རུ་སུའི་མཁའ་དབྱིངས་སུ་ཨ་མི་རི་ཀའི་སྤྱི་དམངས་གནམ་གྲུའི་ཁ་ལོ་བ་ཞིག་མེ་མདའ་བརྒྱབ་ནས་བསད་རྗེས་སྲིད་འཛིན་ཨཡེསེན་ཧ་ཝར་ (Eisenhower) ལགས་ཀྱིས་བོད་ནང་མུ་མཐུད་གནམ་གྲུ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་རེད།

དེའི་རྗེས་རླུང་འཕྲིན་དང་ཏར་འཕྲིན་ཪུ་ཁག་དང་དེ་བཞིན་རྒྱབ་སྐྱོར་རུ་ཁག་ཚོ་ཐཡེ་ལེནཌི་ཏུ་འཕུར་བསྐྱོད་བྱས་ཤིང་། དེ་ནས་ས་མཚམས་ཀྱི་ལམ་བརྒྱུད་དེད་ནས་རྒྱ་གར་དང་བལ་ཡུལ། མཐར་གློ་སྨོན་ཐང་དུ་འགྲོ་བསྐྱོད་བྱས་ཡོད་པ་རེད། 

སྐུ་ཞབས་ཝལ་ཀར་ལགས་ཀྱིས་འཐབ་རྒོལ་བ་དེ་དག་བོད་དུ་ལོག་རྗེས་གནས་སྟངས་ཇི་ཆགས་གསལ་པོར་ཤེས་རྟོགས་འདུག  “ཁོང་ཚོ་རང་ཉིད་ནས་བོད་དུ་གནམ་མཆོང་རྒྱབ་རྗེས་ཀྱི་མཇུག་འབྲས་ཇི་ཡིན་སྔོན་ཚུད་ནས་ཤེས་ཀྱི་ཡོད་” ཅེས་བློ་ཕམ་ངང་བརྗོད་བྱུང་། 

“རླུང་འཕྲིན་རུ་ཁག་ནང་དམག་སྦྱོང་ཐོབ་རྗེས་བོད་ནང་གནམ་མཆོང་རྒྱག་མཁན་བོད་མི་མང་པོ་ཞིག་གིས་རང་གི་ཚེ་སྲོག་བློས་བཏང་བྱས་ཡོད།  ཡང་ཁ་ཤས་ནི་འཛིན་བཟུང་གིས་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱང་ཡོད་ལ། འགའ་ཤས་ལོ་མང་བཙོན་དུ་ཚུད་རྗེས་གློད་གྲོལ་ཐོབ་པ་ཡང་བྱུང་ཡོད། ཁོང་ཚོས་བོད་ཀྱི་ཆེད་རང་སྲོག་བློས་བཏང་བྱས་ཡོད་པ་ནི་ལོ་རྒྱུས་ཀྱི་དཔང་རྟགས་ནས་ར་འཕྲོད་ཐུབ་པ་འདི་རེད།་” ཅེས་གསུངས། 

tibet-cia-camp-hale_13.JPG
ཀེམཔ་ཧེལ་ (Camp Hale) དུ་འཐབ་གྲྭ་ཁ་ཤས་ལས་ལྷག་མེད་པའི་རྣམ་པ། (RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།) 

གལ་འགངས་ཆེ་བའི་བྱས་རྗེས། 

ཨ་མི་རི་ཀས་རྒྱ་ནག་ཐོག་ཞི་འཇམ་གྱི་ཕྱི་འབྲེལ་འགོ་འཛུགས་བྱས་པའི་རྗེས། ཕྱི་ལོ་ ༡༩༦༤ ལོར་ཀེམཔ་ཧེལ་དམག་སྦྱོང་ས་ཚིགས་དེ་སྒོ་བརྒྱབ་ཅིང་། ཨ་རིའི་ནིཀ་སོན་སྲིད་གཞུང་གིས་མའོའི་དམར་ཤོག་གཞུང་དང་འབྲེལ་ལམ་བཙུགས་པའི་རྒྱུད་རིམ་འོག་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བོད་མིའི་འཇབ་རྒོལ་འཐབ་རྩོད་ཀྱི་ལས་འགུལ་ལ་རོགས་སྐྱོར་གྱི་ལས་རིམ་ཁག་ལོ་རབས་བདུན་ཅུའི་འགོ་སྟོད་དུ་མཚམས་འཇོག་བྱས་པ་རེད།  

དེ་བཞིན་སྐབས་དེའི་བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་དང་ཕྱི་འབྲེལ་བཟང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཡང་གློ་སྒྲིག་འཛུགས་དམག་སྒར་གྱི་འགོ་ཁྲིད་ནང་ཁུལ་རྙོག་རྫིང་བྱུང་བ་སོགས་ཕྱི་ནང་གི་རྐྱེན་མང་དག་ཞིག་གི་འོག་མཐར་ཕྱི་ལོ་ ༡༩༧༤ ལོར་བལ་པོའི་གཞུང་གིས་གློ་སྨོན་ཐང་གི་བོད་མིའི་དྲག་པོའི་སྒྲིག་འཛུགས་དེའི་གོ་མཚོན་བལ་ཡུལ་གཞུང་ལ་རྩིས་སྤྲོད་བྱེད་དགོས་ཆགས་པ་རེད། 

སྒྲིག་འཛུགས་དེའི་ནུས་པ་རང་བཞིན་གྱི་ཆུང་དུ་སོང་མིན་ལ་མ་བལྟོས་པར། ST Circus གསང་བའི་ལས་འགུལ་ནས་སྦྱོང་བརྡར་ཐོབ་པ་དེས་གལ་གནད་ཆེ་བའི་གྲུབ་འབྲས་སོན་པའི་ལོ་རྒྱུས་བྱུང་ཡོད་ལ། མཐར་སྒྲིག་འཛུགས་དེའི་ཐོག་ནས་རང་བཙན་དངོས་སུ་བླངས་ཐུབ་པ་བྱུང་མེད་ན་ཡང་། དུས་ད་ལྟ་ཡང་དགེ་ཚན་ལྡན་པའི་གནད་དོན་གྱི་རང་བཞིན་ཞིག་ཏུ་གནས་ཡོད་པ་རེད། 

དཔེར་ན། ཕྱི་ལོ་ ༡༩༥༧ ལོའི་ཟླ་བ་ ༩ ནང་འཐབ་་རྒོལ་བ་ཨ་ཐར་ནོར་བུ་དང་། དགའ་རྩེ་ཚང་བློ་ཚེ་རྣམ་གཉིས་ནི་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་སཱེའེ་ཕྷན་ (Saipan) གླིང་ཕྲན་ཁུལ་དུ་དམག་སྦྱོང་ཐོབ་པའི་ཏར་འཕྲིན་གཏོང་ལེན་རུ་ཁག་གི་མི་སྣ་བོད་དུ་གནམ་མཆོང་རྒྱག་མཁན་ཆེས་ཐོག་མ་གཉིས་དེ་ཡིན་པ་རེད། ཁོང་གཉིས་ཀྱི་གསང་མིང་ལ་ཊོམ་དང་ལུཀ་(Tom/Luke) ཞེས་འབོད་སྲོལ་འདུག 

ཡང་རུ་ཁག་དེར་ཨང་སྡེ་ཨེ་ (A) ཞེས་འབོད་པ་དང་། ཁོང་ཚོས་བོད་ཤར་ཕྱོགས་ཁམས་ཀྱི་ས་ཁུལ་ནང་ཡོད་པའི་ཆུ་བཞི་སྒང་དྲུག་གི་འཐབ་རྒོལ་བ་ཚོ་དང་འབྲེལ་བ་བྱེད་ཐུབ་པ་བྱུང་ཡོད་ལ། མཐར་བོད་ཀྱི་རྒྱལ་ས་ལྷ་སར་ཡང་བསྐྱོད་དེ་མགྲོན་གཉེར་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་ལགས་སོགས་བོད་ཀྱི་འགོ་ཁྲིད་ཁག་ཅིག་དང་འབྲེལ་གཏུག་བྱེད་ཐུབ་པ་བྱུང་ཡོད་པ་རེད། 

༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་བརྩམས་པའི་༼ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་༽(The Noodle Maker of Kalimpong) ཞེས་པའི་ཕྱག་དེབ་ནང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བྱ་འགུལ་ནང་ཐེ་ཏོག་མེད་པ་གསུངས་པ་དང་། ༸གོང་ས་མཆོག་ནི་༸སྐུ་ཚེ་ཧྲིལ་པོར་ནང་ཆོས་ནས་གསུངས་པའི་འཚེ་མེད་ཞི་བའི་ལྟ་སྤྱོད་ཕྱག་བཞེས་གནང་མཁན་ཞིག་དང་མཐའ་ཅིག་ཏུ་འཚེ་བའི་ལས་ལ་འགག་བྱ་གནང་མཁན་ཞིག་ཡིན་པ་གསུངས་འདུག 

འོན་ཀྱང་། མགྲོན་གཉེར་ཆེན་མོ་ཕ་ལྷ་ལྟ་བུ་བོད་གཞུང་གི་དཔོན་རིགས་ཁ་ཤས་ནི། བོད་མིའི་དྲག་རྒོལ་གྱི་ལས་དོན་ཁག་གི་གནས་ཚུལ་ཐོག་མ་ནས་མཁྱེན་རྟོགས་ཡོད་པའི་ཁར། དེར་གདུང་སེམས་མཉམ་སྐྱེད་ཀྱང་གནང་ཡོད་པ་རེད། 

“མགྲོན་གཉེར་ཆེན་མོ་ཕ་ལྷ་མཆོག་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་གྱི་འཆར་གཞི་སྒྲིག་མཁན་མི་སྣ་གཙོ་བོ་དེ་ཡིན་པ་དང་།  རུ་ཁག་ (A) ཡང་་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་མཚམས་བར་ཕེབས་སྐྱེལ་ཞུ་མཁན་གྱི་གྲས་སུ་ཡོད་ཅིང་།  ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བདེ་འཇགས་ངང་ཕེབས་འབྱོར་བྱུང་བའི་གནས་ཚུལ་ཨ་རིའི་གསང་བའི་ལས་ཁུངས་ལ་རླུང་འཕྲིན་བཏང་འདུག” ཅེས་སྐུ་ཞབས་ཝལ་ཀར་ལགས་ཀྱིས་ཕྱིར་དྲན་གནང་གི་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇག་རྩོམ་མཛད་པའི་རང་རྣམ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་མང་༽ (My Land and My People) ནང་། ཕྱི་ལོ་ ༡༩༥༩ ལོར་གསང་སྟབས་སྒོ་ནས་བཙན་བྱོལ་ལ་ཕེབས་སྐྱེལ་ཞུ་མཁན་བོད་མི་རང་དབང་འཐབ་རྩོད་པ་དེ་དག་གི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་མཛད་ཡོད་པ་རེད། 

༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་། ཁོ་བོའི་ཡིད་ཆེས་གང་ཡིན་ལ་མ་ལྟོས་པར་ཁོ་ཚོས་ང་ཚོའི་རང་དབང་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་ཆེད་དུ་འགོ་བཙུགས་པའི་དྲག་པོའི་འཐབ་རྩོད་དེ་མུ་མཐུད་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་ངས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་དང་།  ཁོ་ཚོའི་སྟོབས་ཤུགས་དང་སྙིང་སྟོབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པར་མ་ཟད། ཁོ་ཚོས་ང་ལ་སྲུང་སྐྱོབ་བྱས་པ་དེར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྷ་ས་ནས་བཙན་བྱོལ་དུ་ཕེབས་པའི་རྒྱུད་རིམ་ཁྲོད་ཆུ་བཞི་སྒང་དྲུག་གི་༧སྐུའི་སྲུང་བྱའི་ཞབས་ཞུ་སྒྲུབ་པ་ནི་སྒྲིག་འཛུགས་འདིའི་བྱས་འབྲས་གལ་ཆེ་ཤོས་ཤིག་ཡིན་པ་དུས་ད་ལྟ་ཡང་ངོས་འཛིན་བྱེད་བཞིན་ཡོད་པ་རེད། 

ཕྱི་ལོ་ ༢༠༡༠ ལོར་དེ་སྔོན་བོད་མིའི་འཐབ་རྒོལ་བ་ཚོའི་ཞུམ་མེད་སྙིང་སྟོབས་ལ་ཆེ་བསྟོད་དང་དྲན་རྟེན་མཚོན་ཆེད་གཞུང་འབྲེལ་གྱི་ཐོག་ནས་ཀོ་ལོ་ར་ཌོ་ (Colorado) མངའ་སྡེའི་ཀེམཔ་ཧེལ་དུ་དྲན་རྟེན་ས་རྟགས་ཤིག་གསར་བསྐྲུན་བྱས་ཡོད་པ་དང་། ཉེ་ཆར་གསར་དུ་ངེས་རྙེད་བྱུང་བའི་སྦྱོང་བརྡར་ས་ཚིགས་དེར་མ་འོངས་བོད་མིའི་ཁྱད་ཆོས་ལྡན་པའི་མཆོད་རྟེན་ཞིག་གསར་རྒྱག་ཞུ་རྒྱུའི་འཆར་གཞི་ཡོད་འདུག 

tibet-cia-camp-hale_14.jpg
ཕྱི་ལོ་ ༢༠༢༤ ཟླ་ ༦ ནང་ཀེམཔ་ཧེལ་ (Camp Hale) དང་བོད་པའི་འཇམ་དམག་འཐབ་རྒོལ་བར་རྗེས་དྲན་ཞུས་པའི་སྐབས་སྦུརུསི་ཝལ་ཀར་གྱིས་ཀེམཔ་ཧེལ་གྱི་ས་རྟགས་ཤིག་ཡོད་པ་དེར་གཟིགས་བཞིན་པ། (RFA Tibetan/Passang Dhonden; པ་སངས་དོན་ལྡན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།) 

དྲན་རྟེན་ས་རྟགས།

“ཕྱི་ལོ་ ༡༩༥༨ ནས ༡༩༦༤  བར་ཀེམཔ་ཧེལནི་བོད་ཀྱི་རང་དབང་འཐབ་རྩོད་པ་ཚོར་དམག་སྦྱོང་སྤྲོད་སའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཞིང་། དབུས་གསང་བའི་ལས་ཁུངས་ཀྱིས་དམག་སྦྱོང་སྤྲད་ཡུལ་སྙིང་སྟོབས་ཅན་གྱི་སྐྱེ་བོ་དེ་དག་ཁྲོད་མང་པོ་ཞིག་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཚེ་སྲོག་ཤོར་ཡོད། ཁོང་ཚོ་ནི་སྙིང་སྟོབས་ཆེ་ཤོས་གྲས་ཀྱི་མི་རབས་ཤིག་ཡིན་པ་མ་ཟད། ཁོང་ཚོས་རང་དབང་དོན་དུ་རང་གི་སྤུན་ཟླ་ཚོ་དང་མཉམ་དུ་རྒྱ་དམར་ལ་འཐབ་འཛིང་་བྱས་པའི་ཁྲོད་འདས་གྲོངས་སུ་སོང་བ་ཚོར་ང་ཚོས་ཀྱང་མཉམ་དུ་ངུས་པ་ཡིན།”

གོང་གིས་དྲན་རྟེན་ས་རྟགས་དེའི་ནང་དོན་ཁག་ནི། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་དང་རྩོམ་པ་པོ་ཇཱོན་ཁེ་ནིཐ་ཀོ་ནོསི། (John Kenneth Knaus) ལགས་ཀྱི་༼གྲང་དམག་སྐབས་ཀྱི་དྭ་ཕྲུག་༽ཅེས་པའི་དཔེ་དེབ་ལས་བཤུས་འདུག 

ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་ཚིགས་དེ་ངེས་རྙེད་བྱུང་བར་སྐུ་ཞབས་ཝལ་ཀར་ལགས་ཀྱིས་འགན་ཆེན་པོ་བླངས་ཡོད་ལ། ཁོང་དེའི་ཉེ་ཁྲིས་སུ་ལངས་ནས་མི་ཚེའི་ཁྲོད་གྲོགས་པོ་འདས་སོན་ཚོའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བཞིན་དུ། “ང་ཚོ་དང་གྲོགས་པོ་ཧ་ཅང་བཟང་པོར་གྱུར་བའི་བོད་མི་དེ་དག་ནི་བརྗེད་དཀའ་བ་ཞིག་རེད་ལ། ཁོང་ཚོ་ང་ཚོའི་མཉམ་དུ་རྟག་ཏུ་ཡོད། ང་ཚོའི་དབར་འབྲེལ་བའི་མདུད་པ་དམ་པོར་བཅིངས་ཏེ་གནས་ཡོད་སྟབས། གནས་སྟངས་བྱེ་བྲག་པའི་རང་བཞིན་འོག་ང་ཚོས་ཁ་གྱེས་དགོས་བྱུང་བ་ཧ་ཅང་གི་བློ་ཕམ་བྱུང། ”ཞེས་སྐྱོ་གདུང་གི་སྒོ་ནས་སྐུ་ཞབས་སྦུརུསི་ཝལ་ཀར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།།

***** རྫོགས་སོང་། *****


འདོན་སྤེལ་གནང་མཁན། : བོད་སྐད་སྡེ་ཚན་དང་། (RFA Tibetan) རྩད་ཞིབ་སྡེ་ཚན།  (RFA Investigative) བརྙན་འཕྲིན་དང་གསར་སྐྲུན་སྡེ་ཚན། (RFA Multimedia/Creative)

གསར་འགོད་པ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ། པ་སངས་དོན་ལྡན། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། སྦོར་ཌེངྒ (Boer Deng) བསྟན་འཛིན་པདྨ།
བོད་ཡིག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
ཁ་སྣོན་རྩོམ་སྒྲིག  འཇིམ་སིནཡེ་ཌར།  (Jim Snyder) ཨེ་བྷི་ སེཧྥ། (Abby Seiff)
བརྙན་སྒྲིག་སྦྱོར་བ། ཅར་ལི་ དྷ་ར་པཀ (Charlie Dharapak)
བརྙན་ ༼བོད་སྐད།༽  པ་སངས་དོན་ལྡན། བཀྲིས་དབང་ཕྱུག
པར་རིས། ཨམེན་ཌ་ ཝེསི་སྦརོཌ། (Amanda Weisbrod) པའོལ་ ནེལ་སན། (Paul Nelson)
སྒྲིག་བཟོ། ནོར་སྒྲོན། བཀྲིས་དབང་ཕྱུག
པར་ཚགས། ཧུ་ཝར་དཔེ་མཛོད་དང་ཡིག་ཚགས་བསྟི་གནས་ཁང་།  སྦུརུསི་ཝལ་ཀར་ཡིག་ཚགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎