འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༨པའི་སྟེང་། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དོ་ནན་ཡག་པོ་མ་གནང་ན་ཚོགས་ཆེན་དེ་སྙིང་པོ་མེད་པར་གྱུར་ཡོད་ཅེས། ཁོར་ཡུག་ཆེད་མཁས་པ་ཚོས་ངོས་འཛིན་གནང་གི་འདུག

2023.12.01
འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༨པའི་སྟེང་། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དོ་ནན་ཡག་པོ་མ་གནང་ན་ཚོགས་ཆེན་དེ་སྙིང་པོ་མེད་པར་གྱུར་ཡོད་ཅེས། ཁོར་ཡུག་ཆེད་མཁས་པ་ཚོས་ངོས་འཛིན་གནང་གི་འདུག ཨ་རབ་ཚོ་ཤོག་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ངྷུ་སྦེ་ཡི་ནང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དང་འབྲེལ་བའི་ལྷན་ཚོགས་COP28ཐེངས་༢༨དེ་ཚོགས་གཞིན་ཡོད་པ། ༡།༡༢།༢༠༢༣
Reuters Photo

ཨ་རབ་ཚོ་ཤོག་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ངྷུ་སྦེ་ཡི་ནང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དང་འབྲེལ་བའི་ལྷན་ཚོགས་COP28ཐེངས་༢༨དངོས་གཞི་དེ། སྤྱི་ཟླ་༡༢པའི་ཚེས་༡ནས་༢བར་གནང་སྟེ་ས་ཡི་གོ་ལའི་གནམ་གཤིས་ཚ་ཚད་སྔ་མ་ལས་ཚད་གྲངས་༢འཕར་བ་རང་འཇགས་བསྡད་ན་ཉེན་ཁ་ཧ་ཅང་ཆེ་བར་བརྟེན། ཚ་ཚད་གྲངས་༡དང་ཕྱེད་ཀ་ལ་མར་འབབ་ཐབས་དང་། ལྷག་པར་སྤྱི་ལོ་༢༠༣༠བར་ཡར་ཐོན་རྒྱལ་ཁབ་ཁག་གིས་ནག་རྫས་འབར་རླངས་ཉུང་འཁྲི་བྱེད་དགོས་པར་གོ་བསྡུར་གནང་བཞིན་པའི་ཐོག། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་ཉམས་ཆག་དང་། བོད་ནང་འཛམ་གླིང་གི་ས་ཁུལ་གཞན་ལས་ཀྱང་ཚ་དྲོད་ཤུགས་ཆེ་འཕར་བཞིན་པའི་གནས་སྟངས་སོགས་གླེང་སློང་བྱེད་འཆར་མེད་པར་བརྟེན། རྒྱ་གར་གྱི་ཁོར་ཡུག་ཉམས་ཞིབ་པ་Mirza Zulfiqur Rahmanལགས་ནས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་རྣམས་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མང་པོ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་གྲུབ་ཡོད་པས། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ནི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་འདིའི་གཙོ་གནད་ཆགས་ཀྱི་ཡོད་པ་དང་། གལ་ཏེ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གནད་དོན་ཐོག་ཚོགས་ཆེན་འདིར་དོ་གལ་མ་གནང་ན། གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་འདི་སྙིང་པོ་མེད་པ་ཆགས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་རྒྱ་གར་གྱིས་ཚོགས་ཆེན་འདིར་ཏན་ཏན་གླེང་སློང་གནང་དགོས་ངེས་ཤིག་ཡིན་པ་དང་། རྒྱ་གར་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོན་ཤུགས་སྤྲད་དེ། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཐོག་དོ་ནན་གནང་བཅུག་དགོས་པ་མ་གཏོགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་གནས་སྟངས་ཧ་ཅང་ཚོར་སྣང་སྐྱེན་པོ་དང་ཉེན་ཚབས་རང་བཞིན་གྱི་ངང་གནས་ཡོད་པའི་ཁར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཁག་ཙམ་མ་ཟད་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཀྱང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ལྟོས་ཚབས་ཆེན་པོར་གྱུར་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ཨོ་སོ་ཁྲི་ར་ལི་ཡའི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་Michael Buckleyལགས་ནས་ཀྱང་། གནམ་གཤིས་ཚོགས་ཆེན་འདིར་རྒྱ་ནག་གིས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་དང་འཁྱགས་རོམ་བཞུ་བཞིན་པའི་སྐོར་གླེང་རྩིས་མེད་པ་དང་། སྤྱིར་བཏང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དུ་གླེང་ཐུབ་པ་ཞིག་ཡིན་ནའང་། གླེང་སློང་གནང་རྒྱུ་ཡིན་པའི་གོ་ཐོས་ཅི་ཡང་མ་བྱུང་བ་དང་། གཞི་རྩ་བོད་མཐོ་སྒང་གིས་མི་འབོར་ཐེར་འབུམ་གཉིས་ལྷག་ལ་འཐུང་ཆུ་མཁོ་སྤྲོད་གནང་གི་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ཞིག་རང་བཞིན་གྱིས་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས། ཁོང་ཚོ་འདི་ལོ་ཚོགས་ཆེན་དེར་མཉམ་ཞུགས་མི་གནང་དོན་ནི། ཚོགས་ཆེན་སྔ་མའི་སྐབས་ཚོགས་ཡུལ་གྱི་ས་གནས་ལ་ཁོར་ཡུག་ཚོགས་པ་མང་པོར་དཀའ་ངལ་རབ་དང་རིམ་པར་འཕྲད་དེ། སོ་སོའི་མི་མང་གི་བསམ་བློ་ལ་དོ་སྣང་མི་བྱེད་ས་ནས།བོད་པ་བཙན་བྱོལ་བའི་བསམ་འདུན་ལ་དོ་སྣང་བྱ་ཁག་པོ་ཡིན་པར་བརྟེན། ད་ལན་ཡང་ང་ཚོའི་དམིགས་ཡུལ་འགྲུབ་རྒྱུ་ཁག་པོ་ཡིན་པར་མཐོང་སྟེ། དེའི་ཚབ་ལ་ཐེ་ལན་དུ་ཁོར་ཡུག་ཚོགས་འདུ་འཚོགས་ཏེ་བོད་ནི་ཨེ་ཤེ་ཡའི་ཆུ་མཛོད་ཡིན་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དུ་བོད་ལ་དོ་སྣང་སྤྲད་དགོས་པའི་བརྡ་ལན་སྤྲད་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དང་འབྲེལ་བའི་ཚོགས་ཆེན་ནི། སྤྱི་ལོ་༡༩༩༢ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གྲོས་ཆོད་ཁྲིམས་ཡིག་གཏན་འབེབས་ཀྱིས། ལོ་རེ་བཞིན་གནམ་གཤིས་ཧ་ཅང་ཉེན་ཚབས་ཆེ་བའི་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པ་འགོག་ཐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་ཚོགས་ཆེན་འཚོག་བཞིན་པ་དང་མཚུངས། འདི་ལོར་ཡང་ཚོགས་ཆེན་སྟེང་རྒྱལ་ཁབ་༡༩༠ལྷག་གི་མགོ་ཁྲིད་དང་ཚོགས་ཞུགས་པ་བདུན་ཁྲི་ལྷག་མཉམ་ཞུགས་ཀྱིས།གནས་ཚུལ་ཞིབ་རྒྱས་སྤྱི་ཟླ་༡༢པའི་ཚེས་༡༢བར་གོ་བསྡུར་གནང་གི་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎