བོད་ནང་ནས་ཟངས་ཀྱི་གཏེར་ཁ་ཆེན་པོ་ཞིག་གསར་རྙེད་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་པ་ཉམས་ཞིབ་པས་གསུངས་བྱུང་།

2025.01.06
བོད་ནང་ནས་ཟངས་ཀྱི་གཏེར་ཁ་ཆེན་པོ་ཞིག་གསར་རྙེད་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་པ་ཉམས་ཞིབ་པས་གསུངས་བྱུང་། བོད་ནང་ནས་ཟངས་ཀྱི་གཏེར་ཁ་ཆེན་པོ་ཞིག་གསར་རྙེད་བྱུང་ཡོད་པ།
Chinese State Media

བོད་མདོ་དབུས་མཐོ་སྒང་ནས་ཏུན་ཁྲི་ཉིས་སྟོང་ལྷག་གི་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་གསར་པ་ཞིག་རྙེད་སོན་བྱུང་བ་དང་། དེ་ནི་བོད་མཐོ་སྒང་ནང་དུ་ཟངས་ཀྱི་གཏེར་ཁ་ཏུན་ཁྲི་ཕྲག་མང་པོའི་གཏེར་ཁའི་ཐོན་ཁུངས་གི་རྟེན་གཞི་བཞི་པ་དང་། བོད་མཐོ་སྒང་ནི་འཛམ་གླིང་སྟེང་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་རྟེན་གཞིར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གྱི་མི་དམངས་དྲྭ་བ་སོགས་གསར་ལམ་ཁག་ཅིག་ནང་ཕྱི་ཟླ་དང་པོའི་ཚེས་༦རེས་གཟའ་ཟླ་བའི་ཉིན་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
གནས་ཚུལ་དེའི་ཐད་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་བོད་ནང་ནས་གཏེར་ཁ་རྙེད་སོན་བྱུང་བའི་གནས་ཚུལ་རིམ་པ་སྤེལ་བཞིན་ཡོད་པ་དང་། དམིགས་བསལ་ད་རེས་ཟངས་ཀྱི་གཏེར་ཁ་ཕོན་ཆེའི་ཐོན་ཁུངས་རྙེད་སོན་བྱུང་བའི་གནས་ཚུལ་སྤེལ་བ་དེ་ནི་རྒྱ་ནག་གཞུང་གིས་འཆར་གཞི་དང་བཀོད་སྒྲིག་ལྡན་པའི་ཐོག་ནས་གཏེར་ཁ་བཙལ་འཚོལ་བྱས་པ་ཞིག་དང་། དེ་ཡང་བོད་ནི་འཛམ་གླིང་ནང་ནས་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་རྟེན་གཞི་གཙོ་བོར་འགྱུར་རྒྱུའི་འཆར་གཞི་ཡོད་པ་ལྟར། བོད་ནང་ཟངས་ཀྱི་གཏེར་ཁ་ཕོན་ཆེ་ཡོད་པ་གསལ་པོ་ཡིན་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་བོད་ནང་ཟངས་ཙམ་མ་ཡིན་པར་གཏེར་ཁ་འདྲ་མིན་རིམ་པ་མང་པོ་ཞིག་སྔོག་འདོན་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་དེ་ཡིས་སྤྱི་ཚོགས་དང་། ཁོར་ཡུག དཔལ་འབྱོར་བཅས་བར་གནོད་འཚེ་བཟོ་བཞིན་པ་ལྟར། བྱེ་བྲག་ཏུ་གཏེར་ཁ་སྔོག་འདོན་བྱས་པས་ཐད་ཀར་ཁོག་ཡུག་ལ་གནོད་འཚེ་ཐེབས་པ་དེ་དང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ལ་ཁ་གཡར་ནས་གཏེར་ཁ་སྔོག་འདོན་བྱས་པས་ས་གནས་བོད་མིར་ཕན་ཐོགས་ཡོད་པ་གང་ཡང་མཐོང་རྒྱུ་མེད་པའི་ཁར། བོད་ཀྱི་ཁོར་ཡུག་དང་ས་གནས་མང་ཚོགས་ཀྱི་འཚོ་བར་གནོད་ཀྱི་ཡོད་པ་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་། བོད་མཐོ་སྒང་དུ་གཡུ་ལུང་དང་། རྡོ་ལུང་། ཅུས་ལུང་རྒྱ་མ་གཞུང་གྲོང་ཚོ། ཀྲུའུ་ནོར་བཅས་ནི་ཏུན་བྱེ་བ་རིམ་པའི་ཟངས་གཏེར་ཐོན་ཁུངས་ཀྱི་རྟེན་གཞི་བཞི་ཆགས་ཡོད་པ་དང་། སྔོན་དཔག་བྱས་ན་ཐོན་ཁུངས་ཀྱི་འབོར་ཚད་ཏུན་དུང་ཕྱུར་༡དང་ཕྱེད་ཟིན་པས། མཚོ་བོད་མཐོ་སྒང་ནི་འཛམ་གླིང་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞིར་འགྱུར་རེ་ཡོད་པའི་གནས་ཚུལ་སྤེལ་འདུག
བོད་ནང་ནས་ད་རེས་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་ཆེན་པོ་ཞིག་རྙེད་པ་དེའི་རྒྱབ་ལྗོངས་རྒྱ་ནག་གཞུང་གི་སྲིད་ཇུས་གང་ཡང་བཤད་མེད་ཀྱང་། ཟངས་ནི་གནད་འགག་ཆེ་བའི་ལྕགས་རིགས་གཏེར་རྫས་ཞིག་ཡིན་པ་དང་། ལྗང་མདོག་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཐད་ཉི་ནུས་དང་། སྐམ་སའི་རླུང་ནུས། མཚོ་ཐོག་རླུང་ནུས། གློག་སྐུད་བཟོ་བ། ད་དུང་གློག་སྒུལ་རླངས་འཁོར་སོགས་ལ་ཟངས་འབོར་ཆེན་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་ནང་ཟངས་གཏེར་གྱི་ཐོན་ཁུངས་གྱི་རྟེན་གཞི་ཆེ་གྲས་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་འདུག.png

མདོ་དབུས་མཐོ་སྒང་ནི་འཛམ་གླིང་ནང་ཟངས་གཏེར་གྱི་ཐོན་ཁུངས་གྱི་རྟེན་གཞི་ཆེ་གྲས་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་འདུག (1).png
པར་རིས་སྒྲིག་བཟོ་བ། ནོར་སྒྲོན།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎