སྤྱི་ནོར་༧གོང་ས་མཆོག་གི་དྲ་ཐོག་གི་མཛད་འཆར་རྣམས་གནས་སྐབས་ཕྱིར་འཐེན་གནང་འདུག
རྡ་རམ་སཱ་ལ་སོགས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པར་བརྟེན་ནད་ཡམས་སྔོན་འགོག་ཆེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱི་ཟླ་དང་པོའི་དྲ་ལམ་བརྒྱུད་ནས་མཛད་རྒྱུའི་མཛད་འཆར་ཁག་སྐབས་རིང་ཕར་འགྱང་ཞུས་བའི་གསལ་བསྒྲགས་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་མཛད་པ་མང་དག་བསྐྱངས་དང་སྐྱོང་བཞིན་པ་དང་། འདི་ག་རླུང་འཕྲིན་ཁང་གིས་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་བཀོད་གནང་བའི་མཛད་འཆར་རྣམས་རྒྱ་ཆེའི་གསན་གཟིགས་གནང་མཁན་རྣམ་པ་ཚོར་མཁྱེན་རྟོགས་ཆེད་སྔོན་ཚུད་གསལ་བསྒྲགས་ཞུ་ཡོད། ཡིན་ན་ཡང་ཚེས་༩ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་སྤེལ་བའི་གནས་ཚུལ་ནང་། ད་ལམ་(Omicron)་ཞེས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཁྱོན་ཡོངས་དང་། ལྷག་པར་དུ་རྒྱ་གར་ནང་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པར་བརྟེན། ༧གོང་ས་མཆོག་གི་དྲ་ཐོག་གི་མཛད་འཆར་ཡོངས་རྫོགས་སྔ་འཕྲོས་ཕྱི་ཟླ་དང་པོའི་ཚེས་༣༡་འམ་ཕྱི་ཟླ་དང་པོ་དེ་མ་རྫོགས་པར་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།