བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་༢༠༠་ལྷག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་འདུག

2022-01-11
Share
བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་༢༠༠་ལྷག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་འདུག རྡ་རམ་སཱ་ལའི་གངས་སྐྱིད་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ། ༡།༡༡།༢༠༢༢
RFA/Dhasa

སླར་ཡང་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ཉིན་གཅིག་ནང་ནད་པ་འབུམ་གཅིག་ལྷག་ཐོན་བཞིན་ཡོད་པའི་ཁྲོད། བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཡང་ནད་དུག་འགོས་པའི་བོད་མི་ཇེ་མང་དུ་འགྲོ་བ་བཞིན་པའི་གནས་སྟངས་ཁྲོད། གངས་སྐྱིད་དུ་འདི་ཚེས་༡༠་ཉིན་བོད་མི་ནད་རྟགས་ཐོན་པ་༣༠་ལྷག་བྱུང་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ནང་ནད་རྟགས་ཐོན་པ་༣༥་ལྷག་ཐོན་ཞིང་། དཔེ་སྟོན་སློབ་གྲྭའི་ནང་ནད་རྟགས་ཐོན་པ་སློབ་ཕྲུག་༡༥་ཙམ་ཐོན་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཟུང་འབྲེལ་གྱིས་བརྟག་དཔྱད་བྱས་པའི་གྲངས་ཐོར་གཞིགས་ན། ད་ལྟའི་ཆར་བཞུགས་སྒར་དུ་ཏོག་དབྱིབས་ནད་དུག་ཕོག་པའི་བོད་མི་༢༠༠་ལྷག་བྱུང་འདུག་ལ། ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་སྤྱི་ནོར་༧གོང་ས་མཆོག་གི་དྲ་ཐོག་གི་མཛད་འཆར་རྣམས་སྤྱི་ཟླ་དང་པོའི་ཟླ་མཇུག་བར་ཕྱིར་འཐེན་གནང་ཡོད་པ་རེད།
དེའི་ཐད་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་དང་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ད་ལྟའི་ཆར་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་ལས། ནད་གཞི་ལྗིད་པོ་དང་ནད་པ་ཛ་དྲག་རིགས་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྟགས་ཐོན་པའི་སྲི་ཞུའི་ལས་བྱེད་ཚོ་དང་། ཟུར་བཀག་ཏུ་སྡོད་ས་མེད་པའི་བོད་མི་རྣམས་དབུས་སྣེ་ལས་ཁང་དུ་ཟུར་བཀག་ཏུ་བཞག་འདུག་ལ། དབུས་སྣེ་ལས་ཁང་དུ་ད་ལྟའི་ཆར་ནད་པ་༧༠་ཙམ་ཡོད་འདུག
ཡང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས། མི་མང་ཚོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་ལྷོད་གཡེང་མ་བཏང་པར་མུ་མཐུད་དུ་དམ་འཛིན་གནང་དགོས་པ་གསུངས་ཤིང་། ད་རེས་བཞགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་ནད་པ་མང་པོ་དེ་འདྲ་ཐོན་པ་དེ་ནི་མི་མང་ངོས་ནས་ཁ་རས་གྱོན་པ་དང་དུག་སེལ་བྱེད་པ་སོགས་གཞི་རྩའི་སྔོན་འགོག་ལམ་སྟོན་ཁག་བརྩི་སྲུང་མེད་པ་དང་། གཉིས་ནི་སྤྱི་ལོ་གསར་ཚེ་དང་བསྟུན་ཕྱི་ནས་བཞུགས་སྒར་ཁུལ་དུ་ཡུལ་སྐོར་བ་མང་པོ་ཞིག་ཕེབས་པའི་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་ནང་འདི་ཚེས་༡༡་བར་ཏོག་དབྱིབས་ནད་དུག་ཕོག་པའི་བོད་མི་གྲངས་༣༠༠་ལྷག་ཙམ་བྱུང་ཡོད་པ་དེའི་ཁྲོད་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་ཁུལ་དུ་༤༣་དང་། ཧུན་སུར་རབ་རྒྱལ་གླིང་དུ་ནད་པ་༥། མོན་གྷོ་འདོད་རྒུ་གླིང་དུ་ནད་པ་༧ རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་ཁུལ་དུ་བོད་མི་ནད་པ་༧ ལ་དྭགས་ཁུལ་དུ་བོད་མི་ནད་པ་༢༢་ཐོན་འདུག
ཡང་འདི་ཚེས་༡༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་སྲི་ཞུའི་ལས་བྱེད་ཚོར་ལམ་སྟོན་བཀོད་ཁྱབ་གནང་བའི་ནང་། སྤྱི་ཚེས་༡༢་ཉིན་ལས་བྱེད་ཚོ་ལས་བཅར་མ་དགོས་པར་ནང་ནས་ལས་ཀ་བྱ་རྒྱུ་དང་། ཕྱི་ནས་ནང་མི་སྤུན་ཉེ་སོགས་ཕེབས་མཁན་ཚང་མས་ནད་རྟགས་མེད་པའི་ཆུ་ཚོད་༧༢་ནང་ཚུད་ཀྱི་བརྟག་དཔྱད་བྱས་པའི་ངོས་སྦྱོར་(RTPCR-Negative)་ངེས་པར་དུ་མཉམ་འཁྱེར་དགོས་པ་སོགས་འཁོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྒྱ་གར་རྒྱལ་ནང་ནས་ཕེབས་མཁན་ཚང་མས་གོང་ཞུས་ནད་རྟགས་མེད་པའི་ངོས་སྦྱོར་དང་ཉིན་བདུན་རིང་ཟུར་བཀག་ཏུ་སྡོད་དགོས་པ་མ་ཟད། ཕྱི་རྒྱལ་ནས་ཕེབས་མཁན་ཚང་མ་ཉིན་༡༤་རིང་ཟུར་བཀག་སྡོད་དགོས་ཀྱི་ཡོད་འདུག
ཡང་འདི་ཚེས་༡༠་རེས་གཟའ་ཟླ་བ་ནས་བཟུང་རྒྱ་གར་ནང་དགུང་ལོ་༦༠་ཡན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་དེ་རྒྱག་འགོ་ཚུགས་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ཁུལ་དུ་བོད་མི་རྒན་གྲས་༦༤༠་ལྷག་ལ་སྔོན་འགོག་སྨན་ཁབ་གསུམ་པ་དེ་སྐྱོན་ཟིན་ཡོད་འདུག་ཅིང་། བོད་མིའི་གཞིས་སྒར་གཞན་ཁག་ཏུ་ཡང་དེ་དེ་བཞིན་སྔོན་འགོག་སྨན་ཁབ་སྐྱོན་འགོ་འཛུགས་ཡོད་འདུག
རྒྱ་གར་རྒྱལ་ཡོངས་ནང་འདི་ཚེས་༡༡་ཉིན་གྱི་ཕྱི་དྲོ་བར་ནད་རྟགས་ཐོན་པའི་ནད་པ་མི་གྲངས་༨༢༡༤༤༦་ཐོན་འདུག་པ་དང་། ནད་དུག་དེའི་དབང་གིས་ད་བར་མི་གྲངས་༤༨༤༢༡༣་འདས་གྲོངས་སུ་ཕྱིན་ཡོད་པ་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་བསྒྲགས་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།