ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་ཟི་ལིང་གི་འགྲོ་བསྐྱོད་བཀག་སྡོམ་དང་སྐུ་འབུམ་དགོན་པ་གནས་སྐབས་སྒོ་རྒྱབ་འདུག

2022.04.14
Share on WhatsApp
Share on WhatsApp
ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་ཟི་ལིང་གི་འགྲོ་བསྐྱོད་བཀག་སྡོམ་དང་སྐུ་འབུམ་དགོན་པ་གནས་སྐབས་སྒོ་རྒྱབ་འདུག འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པའི་ཟི་ལིང་གྲོང་ཁྱེར། ༠༤།༢༠༢༢
བོད་འབྱོར།/RFA

དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། སྤྱི་ཚེས་༡༤་བར་དུ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་༢༣བར་འཕར་ཡོད་པ་དང་། གནས་སྟངས་དེའི་འོག་ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་གྱི་ལས་ཁུངས་དང་སློབ་གྲྭ་ཁག་གནས་སྐབས་ཉིན་གསུམ་རིང་སྒོ་བརྒྱབ་པ་དང་། འགྲིམས་འགྲུལ་ཡོངས་སུ་བཀག་འདུག དེ་འབྲེལ་ཕྱི་ཚེས་༡༤ཉིན་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དགོན་པའི་དོ་དམ་ལས་ཁང་གི་མིང་ཐོག་ནས་སྤེལ་བའི་བརྡ་ཐོའི་ནང་། སྐུ་འབུམ་དགོན་པས་རིམས་ནད་སྔོན་འགོག་གི་བླང་བྱ་གཞིར་བཟུང་སྟེ་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༤པའི་ཚེས་༡༤སྟེ་ཧོར་ཟླ་༣པའི་ཚེས་༡༤རེས་གཟའ་ཕུར་བུ་ནས་བཟུང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མིན་ཞེས་སྐུ་འབུམ་དགོན་པ་གནས་སྐབས་རིང་སྒོ་རྒྱག་རྒྱུ་དང་། དེ་བཞིན་ནམ་ཞིག་ཡང་བསྐྱར་སྒོ་ཕྱེ་ན་དེ་དུས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པར་བརྡ་ཐོ་གཏོང་རྒྱུ་ཡིན་པ་བརྗོད་འདུག

kubum (2).jpg

དེ་སྔོན་ད་ལོའི་ལུགས་རྙིང་ལོ་གསར་སྐབས་སུའང་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་སོགས་ཕྱི་ཕྱོགས་ལ་སྒོ་བརྒྱབ་ཡོད་པ་རེད།
དེ་མིན་འདི་ཟླའི་ཕྱི་ཚེས་༡༤ཉིན་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་བཀོད་འདོམས་ཁང་ནས་བརྡ་ཐོ་སྤེལ་ཏེ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༤པའི་ཚེས་༡༤་ནས་ཚེས་༡༧བར། ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ནང་ནད་ཡམས་སྔོན་འགོག་ཆེད་ཀྱི་འབྲེལ་ཡོད་སྲུང་བྱ་དོན་ཚན་བརྒྱད་ཅན་གྱི་དོ་དམ་བཀའ་རྒྱ་སྤེལ་ནས་རང་འདོད་ངང་སྒོར་འགྲོ་མི་ཆོག་པ་དང་འདུ་འཛོམས་བྱེད་མི་ཆོག་པ། འཚོ་བའི་མཁོ་ཆས་ཉོ་བར་ཁྱིམ་ཚང་གཅིག་གི་མི་གཅིག་མ་གཏོགས་འགྲོ་མི་ཆོག་པ། གཏན་འཁེལ་གྱི་དུས་བཀག་ནང་མི་ཚང་མས་རྒྱང་ཐག་རྨིས་ཌར་གཉིས་རེ་བར་སྟོང་བཞག་ནས་ནད་ཡམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་དགོས་པ། དེ་བཞིན་སྒེར་གྱི་ཚོང་ལས་གཉེར་མི་ཆོག་པ། གོང་བརྗོད་ཁྱབ་ཁོངས་ཀྱི་ས་ཁུལ་ཁག་ནས་གནས་སྐབས་རིང་སྤྱི་སྤྱོད་རླངས་འཁོར་དང་གླ་འཁོར་སོགས་འགྲོ་བསྐྱོད་མཚམས་འཇོག་བྱེད་རྒྱུ་སོགས་བཀོད་འདུག
དེ་བཞིན་ཚེས་༡༤ཉིན་གྱི་ཞོགས་པར་ཟི་ལིང་དུ་གནས་སྡོད་བོད་མི་ཞིག་གིས་དེ་རིང་ནས་བཟུང་ཟུ་ལིང་གྲོང་ཁྱེར་བཀག་སྡོམ་སྒོ་རྒྱག་རྒྱུའི་གནས་ཚུལ་ཐོས་མ་ཐག་མི་མང་པོས་བཟའ་བཅའ་དང་སྔོ་ཚལ་སོགས་འཕྲོག་རེས་བྱས་ནས་ཉོ་བཞིན་ཡོད་པ་རང་གི་སྤྱི་ཚོགས་དྲ་ལམ་དུ་བཀོད་འདུག
གཞན་སྤྱི་ཟླ་༤པའི་ཚེས་༡༠ཉིན་རྒྱ་ནག་ཧང་ཀྲོའུ་ནས་ལྷ་སར་འཕུར་བའི་གནམ་གྲུ་(3U3179)་རྟགས་ཅན་ནང་གི་འགྲུལ་པ་ཤེ་ཆེ་གེ་མོ་ལ་ཁྲུང་ཆིང་ནས་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ནད་པ་དེ་དང་འབྲེལ་བ་ཐག་ཉེ་བྱས་མྱོང་མཁན་མི་གསུམ་ཚེས་༡༡་ནས་༡༣་བར་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་ཡོད་པས། མི་དེ་ཚོ་སྐྱོད་སའི་ས་ཆར་རིམས་ནད་འགོ་ཁྱབ་ཀྱི་ཉེན་ཁ་ཅུང་ཆེན་པོ་ལྡན་པ་ས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བརྡ་ཁྱབ་བཏང་འདུག
རྒྱ་ནག་གི་དཔལ་འབྱོར་གྲོང་ཁྱེར་ཧྲང་ཧེ་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པ་ཚོ་ཟུར་བཀག་བྱེད་སར་མི་མང་དྲགས་ནས་འཚང་ཁའི་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་དང་། ཧྲང་ཧེ་ནང་ཉེ་ལམ་ནས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེ་རུ་སོང་བར་བརྟེན། གྲོང་ཁྱེར་ནང་གི་སློབ་གྲྭ་དང་འགྲེམས་སྟོན་ཚོགས་ཁང་སོགས་ཀྱང་ནད་པ་ཟུར་བཀག་བྱེད་སར་བསྒྱུར་ནས་མི་མང་པོ་ཟུར་བཀག་བྱེད་བཞིན་པ་དང་། ཟུར་བཀག་ཁང་འགའ་ཤས་ནང་མི་གྲངས་༥༠༠༠༠ཟུར་བཀག་བྱས་ཡོད་འདུག བདུན་ཕྲག་སྔོན་མའི་ནང་ཧྲང་ཧེ་ཡི་ས་གནས་དཔོན་རིགས་ཚོས་ནད་པ་ཟུར་བཀག་བྱེད་ས་༦༠ལྷག་ཙམ་གསར་བཟོ་བྱས་འདུག ས་གནས་ཀྱི་དཔོན་རིགས་ཚོས་མི་གྲངས་ག་ཚོད་ཟུར་བཀག་བྱས་ཡོད་མེད་གནས་ཚུལ་གསལ་ཁ་བཏོན་མེད་ན་ཡང་། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་མི་གྲངས་འབུམ་གཉིས་དང་ཁྲི་བརྒྱད་ལྷག་ལ་ནད་རྟགས་ཡོད་པའི་ཐོ་བཀོད་བྱས་ཡོད་པའི་གནས་ཚུལ་འདུག
དེ་བས་རྒྱ་ནག་གི་དམ་དྲག་དང་བཀག་རྒྱ་ཤུགས་ཆེ་དྲགས་པར་བརྟེན་མི་མང་པོས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།