ལ་དྭགས་བོད་ཁྱིམ་སློབ་གྲྭ་ནད་ཡམས་ཀྱི་རྐྱེན་བཀག་རྒྱའི་ས་ཁུལ་ཡིན་པ་བསྒྲགས་འདུག

2021-11-08
Share
ལ་དྭགས་བོད་ཁྱིམ་སློབ་གྲྭ་ནད་ཡམས་ཀྱི་རྐྱེན་བཀག་རྒྱའི་ས་ཁུལ་ཡིན་པ་བསྒྲགས་འདུག ལ་དྭགས་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ ༡༡།༨།༢༡
འཕྲིན་ལས་ཆོས་སྒྲོན།/RFA

ཉེ་ལམ་ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཞིག་ལ་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་རྗེས། སློབ་ཕྲུག་དེ་དང་འབྲེལ་བ་བྱུང་བའི་མི་༥༠་ལ་བརྟག་དཔྱད་བྱས་པའི་འབྲས་བུར། སློབ་ཕྲུག་དང་ལས་བྱེད་བཅས་ཁྱོན་མི་གྲངས་༢༠་ལ་ནད་རྟགས་ཐོན་པའི་དབང་གིས་ད་ལྟའི་ཆར་ལ་དྭགས་བོད་ཁྱིམ་སློབ་གྲྭ་དེ་བཞིན་བཀག་རྒྱ་བྱེད་སའི་ས་ཁུལ་ལ་ངོས་འཛིན་གྱིས་སློབ་གྲྭའི་ཉེ་འཁོར་དུ་མི་འགྲོ་བསྐྱོད་བྱེད་རྒྱུ་དམ་དྲག་བྱེད་བཞིན་འདུག
སྤྱིར་རྒྱ་གར་ནང་ནད་ཡམས་ཀྱི་རྐྱེན་སློབ་གྲྭ་མང་ཆེ་བས་དྲ་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད་ཀྱང་། ལ་དྭགས་ནང་ནད་ཡམས་ཀྱི་གནས་སྟངས་དེ་ཏོག་ཙམ་ཡག་དུ་སོང་བའི་རྐྱེན་གྱིས་ལ་དྭགས་གཙོ་གཞུང་མངའ་སྡེ་འཕྲོད་བརྟེན་ལས་ཁུངས་ནས་ཐག་གཅོད་ལྟར། ས་གནས་ཀྱི་སློབ་གྲྭ་རྣམས་དངོས་སུ་ཚོགས་བཞིན་ཡོད་པས། ལ་དྭགས་བོད་ཁྱིམ་གྱི་འཛིན་རིམ་དགུ་བ་དང་། བཅུ་པའི་སློབ་ཕྲུག་ཡོངས་རྫོགས་དང་བྱང་ཐང་ཐག་རིང་ནས་འཛིན་རིམ་དྲུག་པ་ཡན་བཅས་ཁྱོན་ད་ལྟའི་ཆར་སློབ་ཕྲུག་༣༠༠་ཙམ་སློབ་གྲྭའི་ནང་དངོས་སུ་འཛིན་གྲྭ་ཚོགས་བཞིན་ཡོད་འདུག
ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་འཆི་མེད་ལྷུན་གྲུབ་ལགས་ཀྱིས་ཁ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ང་ཚོར་སྔ་ས་ནས་སློབ་གྲྭའི་ནང་ནད་ཡམས་ཁྱབ་གདལ་བྱུང་ན་ཕྱོགས་གང་ས་ནས་ཁྱབ་གདལ་སྔོན་འགོག་དགོས་མཁོའི་ཆ་རྐྱེན་བསྐྲུན་རྒྱུ་སོགས་ཀྱི་གྲ་སྒྲིག་ཡོད། ད་ལྟའི་ཆར་སློབ་ཕྲུག་དང་ལས་བྱེད་ཚོར་བརྟག་དཔྱད་བྱེད་བཞིན་པ་གསུངས་བྱུང་།
ལ་དྭགས་བོད་ཕྲུག་ཁྱིམ་སྡེ་ནི། དེ་ཁུལ་གྱི་སློབ་གྲྭ་གཙོ་བོ་དེ་ཡིན་པ་དང་། དེའི་ཡན་ལག་སློབ་གྲྭ་ཁག་སྟེ། ཨག་གླིང་། ལྕོག་ལམ། སྨན་ལྷ་ཡང་བྱང་ཐང་ཁག་གཉིས། ཧན་ལེ་དང་སུམ་མདོ་བཅས་ཡན་ལག་ཚང་མའི་ནང་སློབ་ཕྲུག་ཚོར་དྲ་ཐོག་ནས་འཛིན་གྲྭ་ཚོགས་བཞིན་འདུག
ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ལ་མཚོན་ན། དེ་སྔོན་ནད་ཡམས་སྔོན་འགོག་གི་སྨན་ཁབ་རྒྱབ་པ་གཞིས་ཆགས་གཞན་ལས་མི་འབོར་མང་ཤོས་དང་མགྱོགས་ཤོས་གྲས་ཡིན་པ་དང་། སློབ་གྲྭའི་སློབ་ཕྲུག་ལོ་༡༨་མན་རྣམས་ལ་སྔོན་འགོག་སྨན་ཁབ་ཐོབ་མེད་ཀྱང་ས་གནས་སྨན་རྩིས་ཁང་ནས་མཐུན་འགྱུར་གནང་བའི་ལུས་སེམས་ནུས་གསོའི་སྨན་སྤྲོད་བཞིན་ཡོད་འདུག
ལ་དྭགས་བོད་ཁྱིམ་ནང་ཡོད་པའི་སློབ་ཕྲུག་གཞན་རྣམས་འདི་ཚེས་༩་ཉིན་བརྟག་དཔྱད་བྱེད་རྒྱུ་ཡིན་པ་དང་། ས་གནས་འཕྲོད་བསྟེན་ལས་ཁུངས་ནས་དེའི་ཐད་གྲ་སྒྲིག་བྱེད་བཞིན་པ་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་གསུངས་བྱུང་།
ཉེ་བའི་ནང་ནམ་གཤིས་གྲང་མོ་ཆགས་པའི་རྐྱེན་གྱིས་ཆམ་རིམས་ཀྱི་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པས་ཚང་མས་ངེས་པར་དུ་དོ་སྣང་བྱས་དགོས་པ་མ་ཟད། ཆམ་པའི་ནད་རྟགས་ཡོད་མཁན་ཡིན་ནའང་སྨན་པར་ཁ་པར་བརྒྱུད་འབྲེལ་བ་བྱས་ནས་མི་རེ་ངོ་རེ་ནས་འགན་འཁུར་བཞེས་དགོས་ཞེས་སྨན་རྩིས་ཁང་གི་སྨན་པ་ལེགས་བཤད་ཆོས་མཚོ་ལགས་ཀྱིས་གསུངས་བྱུང་།
སྤྱིར་ལ་དྭགས་གཞུང་གིས་ས་གནས་ཀྱི་བོད་མི་ནད་པ་རྣམས་ལ་ཡུལ་མི་བཞིན་གཅིག་མཚུངས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་ཀྱང་བོད་མི་རྣམས་ལ་ལོགས་སུ་འཕྲོད་བསྟེན་ལྟ་རྟོགས་བྱེད་རྒྱུའི་མཐུན་རྐྱེན་མེད་པའི་དཀའ་ངལ་ཡོད་པ་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ནས་གསུངས་བྱུང་།
རྒྱ་གར་རྒྱལ་ཡོངས་སུ་ད་བར་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་སུམ་ཅུ་སོ་བཞི་དང་གསུམ་འབུམ་དྲུག་ཁྲི་ལྷག་བརྒལ་ནས་དེའི་ཁྲོད་ཀྱི་མི་གྲངས་འབུམ་བཞི་དང་ཁྲི་དྲུག་ལྷག་འདས་གྲོངས་སུ་ཕྱིན་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༨་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་པའི་ནད་པ་མི་གྲངས་ས་ཡ་ཉིས་བརྒྱ་བཞི་ཅུ་ཞེ་དགུ་དང་འབུམ་བདུན་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་ལྔ་དང་ཁྲི་བཞི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།