བོད་ནང་རིམས་ནད་ཁྱབ་གདལ་དང་འབྲེལ་བོད་མི་ཚོས་༧གོང་ས་མཆོག་ལ་སྐྱབས་མཇུག་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་མང་དག་ཅིག་བྱེད་བཞིན་འདུག

2022.08.15
Share on WhatsApp
Share on WhatsApp
བོད་ནང་རིམས་ནད་ཁྱབ་གདལ་དང་འབྲེལ་བོད་མི་ཚོས་༧གོང་ས་མཆོག་ལ་སྐྱབས་མཇུག་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་མང་དག་ཅིག་བྱེད་བཞིན་འདུག ལྷ་སར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་མི་མང་ལ་བརྟག་དཔྱད་དང་ཉེན་རྟོག་པའི་ལྟ་སྲུང་བྱེད་བཞིན་པ། ཕྱི་ལོ་༢༠༢༢ལོའི་ཟླ་༨ཚེས་༡༤ཉིན།
Weibo

ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གཙོས་བོད་ནང་གི་ས་ཁུལ་ཁག་ཅིག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། ཕྱི་ཚེས་༡༤་ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་རྟགས་ཅན་༡༡༧༦ཟིན་ཡོད་པ་དང་། བོད་མི་ཚོས་རིམས་ནད་ཀྱི་སྐབས་འདིར་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་དཔར་མང་པོ་བརྒྱུད་སྤེལ་དང་རིམས་ནད་མྱུར་དུ་ཞི་བའི་གསོལ་འདེབས་ཞུ་བཞིན་ཡོད་པ། འདས་པའི་ཉིན་ཤས་རིང་༧གོང་ས་མཆོག་གི་སྐུ་དཔར་འགྲེམས་སྤེལ་དང་༧གོང་ས་མཆོག་ལ་བསྟོད་པའི་གླུ་གཞས་མང་པོ་བརྒྱུད་སྤེལ་བྱས་སོང་ན་ཡང། ཕྱི་ཚེས་༡༣ཉིན་ནས་རྒྱ་ནག་གཞུང་གིས་སྐུ་པར་བརྒྱུད་སྤེལ་རིགས་བཀག་བསྡོམས་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྔར་བཞིན་དྲ་ལམ་ཁག་ཏུ་པར་རིས་དང་གནས་ཚུལ་གང་བྱུང་ཁྱབ་མི་ཆོག་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་༡༥་ཉིན་རིམས་ནད་སྐོར་ལ་དཀྲོག་གཏམ་སྤེལ་སྐོར་བརྗོད་ནས་ལྷ་ས་ནས་མི་བཞི་དང་།ཆབ་མདོ་རུ་མི་གཅིག་ནས་བཀག་ཉར་འདྲི་རྩད་བྱས་སྐོར་བསྒྲགས་ཡོད་པ་དང་། ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ཁྱོན་ཡོངས་ཉིན་གསུམ་རིང་གཙང་བཟོ་དགོས་སྐོར་བརྗོད་ནས། སྲང་ལམ་དང་ཁྱིམ་ཚང་རེ་རེ་བྱས་ཏེ་དུག་སེལ་བྱེད་བཞིན་ཡོད་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ལྷ་ས་ཁུལ་ཡོངས་སུ་སྒོ་བརྒྱ་བསྡམས་ཡོད་པ་མ་ཟད། གཞིས་རྩེ་ཁུལ་དུ་སྒོ་བརྒྱབ་བསྡམས་པའི་དུས་ཡུན་དེ་ཕྱི་ཚེས་༢༡་བར་ཕར་འགྱངས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཆར་ལྷ་ས་ཁུལ་དུ་ནད་པ་ཉེན་ཁ་ཡོད་པ་དམིགས་བསལ་གོ་ཐོས་མེད་ན་ཡང། གཞུང་ཕྱོགས་ཀྱི་ཁྱབ་བསྒྲགས་རྐྱེན་གྱིས་ཡིན་ནམ་བོད་མི་ཚོས་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་བོད་ནང་གི་མཚོ་ནུབ་ཁུལ་དང་མཚོ་ལྷོ། ཟི་ལིང་།རྨ་ལྷོ་བཅས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ནད་རྟགས་ཅན་༡༧གསར་དུ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་རིམས་ནད་བཀག་འགོག་འཐུས་ཤོར་བཏང་སྐོར་བརྗོད་ནས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཁང་གི་འགན་འཛིན་གཞོན་པ་ཧྥན་ཡོ་ཕིང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ལས་ཁུངས་འགན་འཛིན་ཚེ་བརྟན་སྒྲོལ་དཀར། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྡེ་ཚན་འགན་འཛིན་ཨ་མི་བཅས་ལས་བྱེད་གསུམ་གནས་དབྱུང་དང། དེ་བཞིན་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་སློབ་སྟོན་པ་གཞོན་པ་ཏེང་ཁོའོ་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་གི་འགན་འཛིན་གཞོན་པ་ཕུར་ཚེ། བསམ་གྲུབ་རྩེའི་དམར་ཤོག་དྲུང་ཆེ་གཞོན་པ་བུ་ཆུང་། སྐྱིད་གྲོང་རྫོང་སྲིད་གཞུང་གིག་རྫོང་དཔོན་གཞོན་པ་བུ་ཆུང་། འབྲོང་པ་རྫོང་སྲིད་གཞུང་གི་མི་རྫོང་དཔོན་གཞོན་པ་པད་སྒྲོན་བཅས་ཁྱོན་བོད་རིགས་ལས་བྱེད་༦་དང་རྒྱ་རིགས་ལས་བྱེད་གཉིས་གནས་དབྱུང་བཏང་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན་ད་ལྟའི་བར་བོད་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་རྟགས་ཅན་ལྷ་ས་གྲོང་ཁྱེར་ནང་༥༠༨དང་། གཞིས་ཀ་རྩེ་རུ་༤༣༦། ཉིང་ཁྲི་གྲོང་ཁྱེར་དུ་༤༡། མངའ་རིས་ས་ཁུལ་དུ་༡༣༦། ལྷོ་ཁ་རུ་༥༠། ཆབ་མདོ་གྲོང་ཁྱེར་ནང་༥། གཞན་ཡང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཚ་འདམ་གཞོང་དུ་༣དང་ཏུའུ་ལན་དུ་༣། གཏེར་ལན་ཁ་རུ་༢། ན་གོར་མོ་རུ་༡། གུང་ཧོ་རྫོང་དུ་༤། མཚོ་ཤར་ཁུལ་མིན་ཧི་རྫོང་དུ་༡། རྨ་ལྷོ་ཁུལ་ཐིན་རིན་གྲོང་ཁྱེར་༢། སྐྱེ་དགུ་མདོ་གྲོང་ཁྱེར་དུ་༡བཅས་ད་བར་བོད་ཁམས་ཡོངས་སུ་ནད་པ་༡༡༩༣ཡོད་པ་གསལ་འདུག་པ་དང་། ནད་རྟགས་ཅན་མང་ཤོས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡོད་པ་རེད་འདུག་པ་དང་། ལྷ་ས་གྲོང་ཁྱེར་ནང་མི་གྲངས་བཅད་བགོས་ཀྱིས་ཉིན་ལྟར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎