ལྷ་ས་དང་མངའ་རིས་གཞིས་རྩེ་སོགས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

2022.08.10
Share on WhatsApp
Share on WhatsApp
ལྷ་ས་དང་མངའ་རིས་གཞིས་རྩེ་སོགས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ལྷ་སའི་གཙུག་ལག་ཁང་གི་མདུན། ༠༨།༡༠།༢༠༢༢
སྤྱི་ཚོགས་དྲ་ལམ།/Weibo
  • རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། ལྷ་སར་ནད་པ་༢༧དང་། གཞིས་རྩེ་རུ་༡༨ མངའ་རིས་ཁུལ་དུ་༡༡བཅས་ཐོན་འདུག
  • གཞུང་ཕྱོགས་ནས་རིམས་ནད་འགོས་པའི་དངོས་ཡོད་གྲངས་འབོར་གསལ་བསྒྲགས་བྱེད་ཀྱི་མི་འདུག་ཟེར།
  • ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཕྱིར་གྱར་མི་ཆོག་པའི་བཀའ་རྒྱ་བཏང་འདུག

བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་གནས་ཁག་ཅིག་ནང་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་ཚད་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། གཞུང་ཕྱོགས་ནས་རིམས་ནད་འགོས་པའི་དངོས་ཡོད་གྲངས་འབོར་གསལ་བསྒྲགས་བྱེད་ཀྱི་མེད་པའི་ཐོག་འབྲེལ་ཡོད་ཏོག་དབྱིབས་འགོས་ནད་སྐོར་ལ་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་འཇོག་མཁན་ལ་དམ་བསྒྲགས་སྟངས་འཛིན་བྱེད་བཞིན་འདུག་ལ། བོད་ནང་རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པར་བརྟེན་འགོས་ནད་བརྟག་དཔྱད་ཀྱི་དམིགས་བསལ་ས་ཆ་ཁག་ཅིག་ཆེད་མངགས་ཟུར་བཙུགས་བྱས་ཡོད་འདུག
ཕྱི་ཟླ་༨ཚེས་༨ཉིན་ལྷ་སར་ཏོག་དབྱིབས་འགོས་ཁྱབ་བྱུང་ལུགས་ཐོག་མར་གནས་ཚུལ་སྤེལ་ཞིང་། ཕྱི་ཚེས་༡༠ཉིན་རྒྱ་ནག་གཞུང་འབྲེལ་གྱིས་གྲངས་ཐོ་བཏོན་པར་གཞིགས་ན། ལྷ་སར་ཁྱོན་བསྡོམས་ནད་པ་༢༧དང་། གཞིས་རྩེ་གྲོང་ཁྱེར་དུ་༡༨ མངའ་རིས་ཁུལ་༡༡བཅས་ཐོན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་དབྱིབས་རིམས་ནད་འགོས་པའི་མི་གྲངས་མང་ཤོས་ལྷ་སར་བྱུང་བཞིན་པར་བརྟེན། ཉིན་གསུམ་ནང་འགོས་ནད་ཡོད་མེད་ཀྱི་བརྟག་དཔྱད་ཐེངས་གསུམ་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག་ལ། བརྟག་དཔྱད་བྱ་ཡུལ་ས་ཚིགས་༥༦༠ལྷག་བཟོས་འདུག་པ་དེ་དག་གི་ནང་ཚོུད་༢༤ཡི་རིང་བརྟག་དཔྱད་བྱེད་བཞིན་འདུག བརྟག་དཔྱད་བྱེད་ཡུལ་ས་ཚིགས་ཚང་མའི་ནང་མི་མང་དྲགས་ནས་ཚོུད་མང་པོའི་རིང་བང་སྒྲིག་ནས་སྒུག་དགོས་པའི་དཀའ་ངལ་ཡོད་པ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་བཞིན་པའི་བརྙན་པར་ཁག་ནས་ཤེས་རྟོགས་ཐུབ་ཀྱི་འདུག
བརྟག་དཔྱད་བྱས་རྗེས་ནད་ཡམས་འགོས་ཡོད་མེད་ཀྱི་གྲུབ་འབྲས་དུས་ཐོག་འབྱོར་གྱི་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཁག་ཅིག་གིས་བརྗོད་བྱུང་།
ཕྱི་ལོ་༢༠༢༠ཐམ་པའི་ལོར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁག་དང་། དེ་རྗེས་རིམ་པས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁྱབ་གདལ་ཧ་ལས་པའི་ཆེན་པོ་ཕྱིན་སྟེ་མི་གྲངས་ས་ཡ་དྲུག་དང་འབུམ་ལྔ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་སྡུག་ཤོས་སྐབས་ནད་ཡམས་འགོས་པ་གཅིག་ལས་བྱུང་མེད་པ་རྒྱ་ནག་གཞུང་འབྲེལ་གྱིས་འགྲེལ་བརྗོད་བྱས་ཡོད་པ་རེད།
ད་ལྟའི་སྐབས་རྒྱ་ནག་གཞུང་གིས་ཐེངས་འདིའི་ནད་ཡམས་དེ་བོད་མི་ནང་ཁུལ་ཕར་འགྲོ་ཚུར་འོང་བྱས་པའི་ཉེར་ལེན་གྱིས་ཡིན་ཚུལ་བརྗོད་བཞིན་ཡོད་ན་ཡང་། བོད་ནང་གི་བོད་མི་ཁག་ཅིག་གིས། དེང་སྐབས་རྒྱ་ནག་ནས་བོད་ནང་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཁོང་ཚོའི་འགྲོ་འོང་ཐད་དམ་དྲག་ཧ་ལམ་མེད་པ་ལྟ་བུ་ཡིན་སྟབས། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་དེ་དག་ནི་བོད་ནང་ནད་ཡམས་ཁྱབ་པའི་བྱུང་རྩ་གཙོ་བོ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག
ད་ལྟ་བར་འགོས་ནད་ཕོག་མཁན་གྱི་ཐོ་གཞུང་ནང་བོད་ས་གནས་རང་གི་མི་མ་གཏོགས་ཡུལ་སྐོར་བའི་གྲངས་ཐོ་བཏོན་གྱི་མེད་ཅིང་། འགོས་ནད་ཕོག་པའི་དངོས་ཡོད་ཀྱི་གྲངས་ཐོ་ནི་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པ་དེ་ལས་མང་བ་ཡོད་པ་བོད་ནང་གི་བོད་པ་ཞིག་གིས་བརྗོད་བྱུང་ལ། ཁོང་གིས། འོན་ཀྱང་བོད་འདི་ཆབ་སྲིད་ཀྱི་རྣོ་ངར་ས་ཁུལ་ཞིག་ཡིན་སྟབས། གནས་ཚུལ་ཕྱིར་བསྒྲགས་ཐད་དམ་དྲག་དམིགས་བསལ་བྱེད་བཞིན་ཡོད་པ་བརྗོད་ཀྱི་འདུག
གཞན་ཡང་བོད་རང་སྐྱོང་ལྗོངས་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ཟེར་བས་ཚེས་༩ཉིན་བརྡ་ཁྱབ་ཅིག་བཏང་སྟེ་རིམས་ནད་སྐོར་ལ་དཀྲོག་གཏམ་བཟོས་ཚེ་གཞན་གྱིས་དེ་དག་ཐེར་འདོན་བྱེད་ཆོག་ལུགས་བརྗོད་འདུག་ལ། བརྡ་ཐོ་དེའི་ནང་། ནད་ཡམས་དང་འབྲེལ་བའི་སྒྲ་བརྙན་དང་ཡི་གེ་སོགས་ཆ་འཕྲིན་རང་དགར་བརྒྱུད་བསྐུར་གཏན་ནས་བྱེད་མི་ཆོག་པ་བརྗོད་འདུག
ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡོང་མཁན་ལ་དམ་དྲག་ཡོད་པའི་ཐོག་བོད་ཀྱི་ས་ཁུལ་ནས་རྒྱ་ནག་ལ་སྐྱོད་མཁན་ཚོར་ཡང་བརྟག་དཔྱད་ནན་པོ་བྱེད་བཞིན་འདུག་ལ། ཡང་ཟི་ཁྲོན་ཞིང་ཆེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་ཤར་སྐྱོད་ཐུབ་པའི་གཞུང་ལམ་༣༡༨ཀྱི་ཐོག་བརྟག་དཔྱད་ནན་པོ་བྱེད་བཞིན་པར་བརྟེན། གཞུང་ལམ་ཡོངས་སུ་མོ་ཊས་ཁེངས་ཏེ་འགྲོ་བསྐྱོད་འགག་ཡོད་པའི་བརྙན་པར་རྒྱ་མི་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཁག་ཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་འགོད་སྤེལ་བྱས་འདུག

གསར་འགོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎