བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་སྔོན་འགོག་ཡོ་ཆས་དང་སྨན་ཞབས་པ་གཏོང་རྒྱུའི་གྲ་སྒྲིག་ཡོད་པ་བསྒྲགས་འདུག

2022.09.26
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་སྔོན་འགོག་ཡོ་ཆས་དང་སྨན་ཞབས་པ་གཏོང་རྒྱུའི་གྲ་སྒྲིག་ཡོད་པ་བསྒྲགས་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

གལ་ཏེ་རྒྱ་གཞུང་གིས་ངོས་ལེན་བྱས་པ་ཡིན་ན་བོད་ནང་ནད་ཡམས་སྔོན་འགོག་ཆེད་ཡོ་ཆས་དང་སྨན་ཞབས་པ་སོགས་གཏོང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུང་བྱུང་།
ད་སྐབས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བའི་སྲིད་བྱུས་དང་བཀག་རྒྱའི་འོག་བོད་ནང་དུ་བོད་མི་མང་པོས་དཀའ་སྡུག་མྱོང་བཞིན་པར། འདི་ཚེས་༢༦ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། ཡོངས་ཁྱབ་བསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། རྒྱ་ནག་གཞུང་གིས་རིམས་ནད་གཙང་སེལ་གྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་པའི་རྗེས་འབྲས་སུ། བོད་མི་ཚོར་ཕན་ལས་གནོན་འཚེ་དང་བརྡབ་གསིག་མང་བ་ཐེབས་ཡོད་པ་དང་། སྲིད་བྱུས་དེར་ཁ་གཡར་ཏེ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་ཁག་འཐུས་ཤོར་བཏང་ནས། བོད་མི་ཚོའི་ཉིན་རེའི་འཚོ་བར་བརྡབ་གསིག་ཤུགས་ཆེར་བཏང་ཡོད་པ་མ་ཟད། ཐ་ན་ཚེ་སྲོག་ཀྱང་ཉེན་ཁའི་ནང་ལྷུང་ཡོད་པ་སོགས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། གལ་ཏེ། རྒྱ་ནག་གཞུང་གིས་ངོས་ལེན་བྱས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་ཡོ་ཆས་དང་སྨན་ཞབས་པ་སོགས་བོད་ནང་གཏོང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། ནད་ཡམས་ཁྱབ་གདལ་ཆེ་བའི་ཛ་དྲག་དུས་སྐབས་འདིར། རྒྱ་ནག་གཞུང་གིས་བོད་མིའི་བདེ་འཇགས་དང་འཕྲོད་བསྟེན། དགོས་མཁོ་ཆེ་བའི་སྨན་དང་ནད་དུག་སྔོན་འགོག་གི་ཡོ་ཆས་སོགས་དུས་ཐོག་མཐུན་འགྱུར་སྤྱོར་སྤྲོད་མེད་པར་སྣང་ཆུང་བཏང་སྟེ། བོད་མི་ཚོས་དཀའ་སྡུག་ཤུགས་ཆེར་མྱོང་བཞིན་ཡོད་པ་གསལ་སྟོན་བྱས་འདུག་པ་མ་ཟད། ཟུར་བཀག་ཏུ་བཞག་པའི་བོད་མི་ཁ་ཤས་ཀྱིས། ཟུང་བཀག་ཁང་དུ་ཆ་རྐྱེན་ནི་བཙོན་ཁང་ལས་ཞན་པ་ཡོད་པ་དཔེ་བཞག་པ་དང་། ཡང་འགའ་ཤས་ཀྱིས། ཛ་དྲག་ཆེ་བའི་འཚོ་བའི་གནས་སྟངས་ལ་འུ་ཐུག་ནས་ངོ་རྒོལ་བྱས་པའི་རྐྱེན་གྱིས་བོད་མི་ཁག་ཅིག་ལ་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་སོགས་འཁོད་འདུག
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གཞིས་བཞུགས་བོད་མི་ཚོའི་སོ་སོའི་དཀའ་སྡུག་དང་འབྲེལ་བའི་བསམ་འཆར་ཞུས་པ་རྣམས་རྒྱ་ནག་གཞུང་གིས་ངོས་ལེན་གྱིས། འཕྲད་དུ་དཀའ་ངལ་རྣམས་སེལ་དགོས་པ་འབོད་སྐུལ་ཞུས་གནང་སོང་། ཉིན་ཤས་སྔོན་ལྷ་སའི་ཉེན་རྟོག་པས། ནད་ཡམས་ཁྱབ་གདལ་ཆེ་བའི་སྐབས། ཁྲིམས་སྒྲིག་དང་འགལ་བའི་ཐོག་ནས་བཟའ་བཅའ་སྐྱེལ་འདྲེན་བྱས་པ་དང་། དྲ་ཐོག་ནས་ནད་ཡམས་སྐོར་ལ་དཀྲོག་གཏམ་སྤེལ་བ། ནད་ཡམས་ཀྱི་བཀག་རྒྱ་དང་འགལ་ནས་ཁ་རས་མ་རྒྱབ་པ། དེ་བཞིན་ཁྱིམ་སྡོད་བཀག་རྒྱའི་འོག་ཕྱིར་བསྐྱོད་པ་སོགས་ཀྱི་ཉེས་འཛུགས་འོག་ལྷ་སའི་ཁུལ་དུ་མི་གྲངས་༧༨༦ལ་ཁྲིམས་ཐོག་ནས་ཉེས་ཆད་བཏང་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཁག་ནང་བསྒྲགས་འདུག
ཡང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་འཐུས་ཤོར་བཏང་བ་དང་། དོ་དམ་ཡག་པོ་མ་བྱུང་བ་དེ་ནི་སླེབས་ལ་ཉེ་བའི་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠པ་དང་འབྲེལ་བ་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཞི་ཅིན་ཕིང་གིས་བཀོད་སྒྲིག་བྱས་པའི་ནད་ཡམས་གཙང་སེལ་སྲིད་བྱུས་ཟེར་བ་དེ་ནི་འཐུས་མི་ཚོགས་ཆེན་མ་འཚོགས་གོང་ལ་རྒྱ་ནག་དམར་ཤོག་དང་ལྟ་སྤྱོད་མི་མཐུན་མཁན་རིགས་ལ་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ཆེད་དུ་ཡིན་སྲིད་པ་རེད། རྒྱལ་སྤྱིའི་ཁྲིམས་ལྟར་བོད་མི་ཚོར་བརྩི་བཀུར་དང་ལྡན་པའི་སྒོ་ནས་ལྟ་སྐྱོང་གནང་དགོས་གལ་ཆེ་ཞིང་། ལྷག་དོན་དུ་གཞིས་བཞུགས་བོད་མི་ཚོར་གཞི་རྩའི་དགོས་མཁོ་རིགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ངེས་པར་དུ་སྦྱོར་སྤྲོད་གནང་དགོས་བ་འབོད་སྐུལ་གནང་འདུག
ཡང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་ནད་ཡམས་སྔོན་འགོག་ཆེད་ཡིན་ཚུལ་གྱིས་མི་གྲངས་༥༣༠༠༠ལྷག་ཟུར་བཀག་དུ་བཞག་ཡོད་པ་གསལ་སྟོན་བྱས་འདུག་ཅིང་། དཀར་མཛེས་དང་། རྔ་པ། མདོ་སྟོད་སྨད་གཉིས་སོགས་ཀྱི་ནང་ནད་པའི་གྲངས་འབོར་ཇེ་འཕར་འགྲོ་བཞིན་ཡོད་པ་འཁོད་འདུག
གཞན་ཡང་ལྷ་སར་རྒྱ་ནག་གཞུང་གིས་ཁྱིམ་སྡོད་བཀའ་རྒྱག་བཏང་སྟེ། འདི་ཚེས་༢༦བར་ཉིན་གྲངས་༤༦ཕྱིན་ཡོད་པ་དང་། ད་བར་ནད་འགོས་ཁྱབ་བྱུང་བའི་བསྡོམས་འབོར་མི་གྲངས་༡༧༠༠༠བརྒལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་གྲོང་ཁྱེར་མང་པོའི་སློབ་ཆེན་བརྒྱ་ལྷག་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎