རྒྱ་གར་ནང་གི་ལོ་ན་བཅུ་དགུ་མན་གྱི་དབྱུག་རྩེད་རྩེད་འགྲན་པའི་ཁྲོད་བོད་པའི་བུ་མོ་རྗེ་བཙུན་ལགས་འདུག
* འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།
རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་(Mumbai)་ནས་ཡིན་པའི་རྗེ་བཙུན་ནོར་བུ་ལགས་ནི། ཆུང་དུས་ནས་ཀེ་རི་ཀེ་ཌི་(cricket)་དབྱུག་རྩེད་ལ་དགའ་མཁན་ཞིག་དང་། ཁོང་གིས་དབྱུག་རྩེད་དེ་རྒྱ་གར་ནང་གི་ཆེད་མཁས་པ་རྣམས་ཀྱི་དྲུང་ནས་སྦྱོང་བརྡར་གནང་ཡོད་ཅིང་། འདས་པའི་ལོ་དྲུག་རིང་ཁོང་གིས་(cricket)་རྩེད་འགྲན་ཁ་ཤས་ནང་མཉམ་ཞུགས་གནང་མྱོང་ཡོད་པ་དེ་ནི། བོད་པའི་བུད་མེད་ཁྲོད་རྩེད་རིགས་དེའི་ནང་མཉམ་ཞུགས་གནང་མཁན་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད་འདུག
རྗེ་བཙུན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་རང་ཐོག་མར་(cricket)་རྩེད་འགྲན་དེར་དོ་དབྱིངས་སླེབས་ཚུལ་ནི། ཆུང་དུས་ངའི་པཱ་ལགས་ཀྱིས་བརྙན་འཕྲིན་ནང་(cricket)་རྩེད་འགྲན་ཞིག་ལ་གཟིགས་བཞིན་པའི་སྐབས། ངས་རྩེད་འགྲན་པ་དེ་དག་གི་ཁྲོད་བུད་མེད་རེ་ཟུང་མཉམ་བཞུགས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་སོང་བས་དེ་ནས་ང་རང་ཡང་ཁོ་ཚོ་ལྟར་རྩེད་མོ་དེ་རྩེ་རྒྱུའི་འདུན་པ་བྱུང་།
ངའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་རྩེད་མོ་(Cricket)་ཐོག་སྦྱང་བརྩོན་གྱིས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གར་མཚོན་ཐུབ་པའི་རྩེད་འགྲན་པ་ཞིག་བྱེད་ཐུབ་རྒྱུའི་དམིགས་ཡུལ་དང་མཉམ། བོད་པའི་ངོ་བོ་དང་རིག་གཞུང་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་ཡིན་ལ། གལ་ཏེ་ང་རང་བོད་པའི་བུད་མེད་རྒྱ་གར་རྒྱལ་ཡོངས་ཀྱི་(Cricket)་རྩེད་འགྲན་པ་ཞིག་ཆགས་ཐུབ་ན་དམིགས་བསལ་གྱི་ཚོར་བ་མི་འདྲ་བ་ཞིག་བྱུང་ས་རེད་ཅེས་དང་། ང་རང་ལ་ཆ་མཚོན་ན་རྒྱ་གར་གྱི་སྤྱི་ཚོགས་ནང་དུ་(Cricket)་རྩེད་མོའི་ནང་ཆ་ཤས་བླངས་བའི་བརྒྱུད་རིམ་ཁྲོད་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་གང་ཡང་བྱུང་མ་མྱོང་ཡང་། ངའི་གདོང་གི་ཁ་དོག་སོགས་ཁོང་རྣམས་དང་མི་འདྲ་བ་ཞིག་ཡིན་དུས་སྐབས་རེ་ང་ལ་ལྟ་ཚུལ་མི་འདྲ་ཞིག་རང་བཞིན་གྱིས་ཡོང་གི་འདུག འོན་ཀྱང་ངའི་བསམ་པར་རང་ཉིད་ལ་ཡོད་པའི་རྩལ་དང་ནུས་པ་ནི། སོ་སོའི་རྒྱབ་ལྗོངས་དང་། ཆོས་ལུགས་སོགས་ལས་གལ་ཆེ་བར་ངོས་འཛིན་བྱ་དགོས་པ་དང་། ང་ཆུང་དུས་ནས་བསམ་བློ་དེ་དག་ཁྲོད་འཚར་ལོངས་བྱུང་བ་ཞིག་ཡིན། ཅེས་གསུངས་བྱུང་།
རྗེ་བཙུན་ལགས་ཀྱིས་ད་བར་རྒྱ་གར་གྱི་མངའ་སྡེ་དང་རྒྱལ་ཡོངས་རིམ་པའི་ལོ་ན་༡༩མན་གྱི་འགྲན་བསྡུར་ཁག་ནང་ཆ་ཤས་བླངས་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༢༡ལོར་བུད་མེད་ཀྱི་ཉིན་གཅིག་གི་གཟེངས་རྟགས་དང་། (T-20)་བུད་མེད་ཀྱི་འགྲན་བསྡུར་སྐབས་ཁོ་མོས་(Sikkim)་བུད་མེད་རུ་ཁག་གི་རྩེད་འགྲན་པ་གནང་ཡོད་པ་དང་། ཕྱི་ལོ་༢༠༢༣ལོར་ཁོ་མོས་མུམ་བྷེ་(Mumbai)ཡི་རུ་ཁག་ནང་རྒྱ་གར་རྒྱལ་ཡོངས་ལོ་བཅུ་དགུ་མན་གྱི་འགྲན་བསྡུར་གྱི་(ODI)་དང་(T20)་འགྲན་བསྡུར་ནང་ཆ་ཤས་བླངས་ཡོད་པ་དང་། ད་ཆ་ཁོང་མོས་ཆུ་ཚོད་༣ ཙམ་རིང་ངལ་གསོ་མེད་པར་མུ་མཐུད་རྩེད་ཐུབ་པའི་ནུས་པ་ཡོད་པ་དང་། (Cricket)་རྩེད་འགྲན་གྱི་རུ་ཁག་ནང་(Wicketkeeper)་གནང་བཞིན་ཡོད་པ་རེད་འདུག
རྗེ་བཙུན་ལགས་ཀྱིས་མུ་མཐུད་དུ། ང་རང་གིས་བོད་པའི་གཞོན་སྐྱེས་དམིགས་བསལ་བུད་མེད་རྣམས་ལ་དམིགས་དཔེ་གཟང་པོ་ཞིག་སྟོན་འདོད་འདུག རྩེད་རིགས་གང་འདྲ་ཞིག་ཡིན་རུང་ཆ་ཤས་ལེན་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་དང་། དམིགས་བསལ་རང་ཉིད་ཀྱི་དགའ་མོས་བྱ་སའི་རྩེད་མོ་གང་ཡིན་པ་དེར་མདུན་སྐྱོད་ཀྱིས་དེར་ཆ་ཤས་ལེན་པའི་ཐོག་བྱང་པ་བཟོ་རྒྱུ་དམིགས་ཡུལ་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་ལྟ་བུའི་བསམ་བློ་ཞིག་བསྐྲུན་ཐུབ་པ་ཡིན་ན། མ་འོངས་བོད་པའི་བུད་མེད་དང་གཞོན་སྐྱེས་རྣམས་ནས་རྩེད་མོའི་ཐོག་ཆ་ཤས་ལེན་པའི་ཐོག་ནས་རྒྱ་གར་སྤྱི་ཚོགས་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཁྲོད་རྩེད་རིགས་འདྲ་མིན་ནང་མཉམ་ཞུགས་ཀྱིས། བོད་དོན་ཐོག་གླེང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཐོབ་ངེས་ཡིན་པ་གསུངས་བྱུང་།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།