ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐོག་མ་བཞུགས་སྒར་དུ་ཚོགས་བཞིན་འདུག

2021.11.16
Share on WhatsApp
Share on WhatsApp
ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐོག་མ་བཞུགས་སྒར་དུ་ཚོགས་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་སྐབས། ༡༡།༡༦།༢༡
RFA/Dhasa

སྐབས་༡༦་པའི་བཀའ་ཤག་གིས་དེ་སྔའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་གནང་སྟེ། དེའི་ཚབ་ཏུ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་བཙུགས་ཡོད་པ་ལྟར། ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་དུ་ཉི་མ་གསུམ་རིང་གནང་བཞིན་པ་དེ། སྤྱི་ཟླ་༡༡་པའི་ཚེས་༡༦་ཉིན་འགོ་འཛུགས་ཀྱི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། ཚོགས་འདུ་དེར་དེང་སང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྲིད་བྱུས་འཛིན་སྟངས་དང་བྱ་སྤྱོད། བོད་ནང་གི་གནས་སྟངས་བཅས་ཀྱི་ཐད་ཉིན་དང་པོར་བཀའ་བསྡུར་ཡོང་རྒྱུ་མ་ཟད། གཙོ་བོ་མ་འོངས་བོད་དོན་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཐབས་ཇུས་དང་ལམ་ཁ་གསར་པ་བཙལ་རྒྱུ་དང་། ད་ལན་གཙོ་ཆེ་ཤོས་བོད་དོན་ཆབ་སྲིད་དང་འབྲེལ་བའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ནང་གི་གནས་ཚུལ། རྒྱལ་སྤྱིའི་གནས་སྟངས་བཅས་ལའང་བོད་དོན་དང་འབྲེལ་བའི་བཀའ་བསྡུར་གནང་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་བཀའ་ཤག་སྐབས་སྔ་མའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་བཀའ་ཤག་སྐབས་བཅུ་དྲུག་པས་ཕྱིར་བསྡུ་དང་འབྲེལ། གཏན་འཇགས་ཐབས་ཇུས་འཆར་བཀོད་ཚོགས་ཆུང་གི་ངོ་བོར་བསྒྱུར་ཡོད་པ་དང་། ཚོགས་འདུ་འདི་ལ་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་མ་གཏོགས། བོད་རྒྱ་ཞི་མོལ་གྱི་ཐོག་དམིགས་བསལ་གྲོས་གཞི་ཁུར་ཏེ་བཀའ་བསྡུར་གནང་རྒྱུ་དེ་འདྲ་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། ཚོགས་ཆུང་གི་ལས་དོན་གྲ་སྒྲིག་ཞུ་སྒོའི་སྐོར་ཡིན་འདུག་ཅིང་། ཚོགས་ཞུགས་པའི་ཁོངས་སུ་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་གཏན་འཇགས་ཚོགས་མི་རྣམ་པ་ཡོད་པ་དང་། དམིགས་བསལ་གདན་ཞུས་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱང་ཚོགས་ཞུགས་གནང་འདུག
ཉེ་སྔོན་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ནང་ཁུལ་ཚོགས་འདུ་ཁག་ཅིག་ཚོགས་ཡོད་ནའང་། ཐེངས་འདིར་ཚོགས་མི་ཆ་ཚང་ངོ་ཕེབས་ཀྱི་རྒྱས་འཛོམས་ཚོགས་འདུ་ཐོག་མ་དེ་ཡིན་པ་དང་། ཚོགས་འདུའི་དབུ་བཞུགས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕེབས་གནང་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།