ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཤེས་ཡོན་སྲིད་བྱུས་ལ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
ཟླ་ ༡ ཚེས་ ༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་འདུ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོ་གྲུབ་མཚམས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནས། ཐེངས་འདིའི་ཤེས་རིག་ཚོགས་ཆེན་དེ་བཞིན་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད་པས། ཚོགས་ཞུགས་པ་རྣམས་དང་སློབ་སྤྱི་དང་དགེ་རྒན་ཚོས་རང་གནས་སུ་ཕྱིར་ཕེབས་རྗེས། རང་ངོས་ནས་ཚོགས་ཆེན་གྱི་གྲོས་ཆོད་ཁག་སློབ་གྲྭ་ཁག་ཏུ་སྤུས་ཚད་ལྡན་པའི་ངང་ལག་བསྟར་གནང་རྒྱུ་གལ་ཆེན་ཡིན་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། སྐབས་དེར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་གྲོས་ཆོད་ཁག་སྒྲོག་སྦྱང་སྐབས། ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཤེས་རིག་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་བ་དེས་བོད་སྤྱི་པའི་རྩ་དོན་ཐོག་ཞབས་འདེགས་ཆེ་ཤོས་སྒྲུབ་ཀྱི་ཡོད་པར་ངོས་འཛིན་གནང་བཞིན་ཡོད་སྐོར་དང་། གསར་འགོད་བསྒྲགས་གཏམ་ཞིག་སྤེལ་སོང་བ་དེའི་ནང་། ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ཚོགས་ཆུང་ཆེད་བགོས་ཀྱིས་གྲོས་བསྡུར་བྱས་པའི་ཁྲོད། བསམ་འཆར་དང་གྲོས་གཞི་བརྒྱ་སྐོར་ཞིག་བྱུང་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དེ་དག་ནི་བོད་མིའི་མངོན་འདོད་དང་མི་མཚུངས་པ་ཤ་སྟག་ཡིན་པ་མ་ཟད། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་དེ་བཞིན་རྒྱ་ནག་དམར་པོའི་ལྟ་སྤྱོད་བཙན་ཐབས་སུ་སྤེལ་རྒྱུའི་ལག་ཆར་སྤྱད་དེ། བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་བཙན་བཅུག་སོགས། བོད་ཀྱི་སྐད་ཡིག་དང་རིགས་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ། ཚོགས་ཆེན་འདིའི་བརྒྱུད་ནས་རྒྱ་གཞུང་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་གསུངས་སོང་།
གཞན་ཡང་ཤེས་རིག་ཚོགས་ཆེན་དེ་བཞིན་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ཐེངས་འདིའི་ཤེས་ཡོན་ཚོགས་ཆེན་ཐོག་གྲོས་ཆོད་བཞི་ཅུ་ལྷག་བྱུང་ཡོད་པའི་ནང་། བོད་ནང་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉར་ཚགས་ཐད་དཀའ་ཁག་འཕྲད་བཞིན་ཡོད་པའི་ཁར། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནས་བོད་ཡིག་བདག་གཅེས་དགོས་ཤིང་། ལོ་ལྟར་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དེ་བཞིན་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་སྲུང་བརྩི་ཞུ་དགོས་པའི་བསམ་ཚུལ་ཤུགས་ཆེ་བྱུང་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གྲོས་གཞི་ཆེན་པོ་བཞི་ཡོད་པ་དེ་དག་ནི། བོད་པའི་གཏན་ཉིན་སློབ་གྲྭ་ཁག་དུ་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་མུས་ལ་བརྟེན་ཟླ་སྒྲིལ་སོགས་ཀྱི་ལམ་ནས་ཤེས་ཡོན་གི་སྤུས་ཚད་ཡར་རྒྱས་གཏོང་ཐབས་དང་། སློབ་གྲྭ་ཁག་གི་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཇེ་མང་དུ་འགྲོ་བཞིན་པའི་སྐོར། སློབ་ཁྲིད་སློབ་སྦྱོང་གི་བརྒྱུད་རིམ་ནང་བརྡ་འབྲེལ་འཕྲུལ་རིགས་ནུས་པའི་སྒོ་ནས་བེད་སྤྱོད་གཏོང་ཕྱོགས། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་ཀྱིས་བོད་མིའི་ངོ་བོ་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལ་ཁ་གཏད་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།