བོད་ཀྱི་སྟོད་དིང་རི་རྫོང་ཁོངས་དང་ཉེ་འཁོར་ས་གནས་སུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་གྲངས་ ༡༢༦ རྐྱེན་ལམ་དུ་ཤོར་བ་ཚོར་དམིཊ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་གནང་ཡོད་པ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་རིམ་༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་(USGS)ཀྱིས་བསྒྲགས་འདུག་ཅིང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དུ་ས་ཡོམ་ཁྲོད་མི་༡༢༦རྐྱེན་འདས་དང་མི་༡༨༨ལ་རྨས་སྐྱོན་ཕོག་པ། ཁང་པ་སྟོང་ཕྲག་བརྒལ་བར་གནོད་སྐྱོན་བྱུང་བཅས་ཐོན་འདུག་ལ། ས་ཡོམ་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་མ་ཐག་ཏུ་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པ་ནས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་ཕེབས་པའི་ནང་། ད་ནངས་སྔ་དྲོ་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས། ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་བཀའ་ཕེབས་འདུག་ཅིང་། བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱི་ཐོག་ནས་ཀྱང་སྤྱི་ཟླ་༡ཚེས་༨ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ནང་དིང་རི་ས་གནས་སོགས་སུ་རྐྱེན་འདས་སུ་སོང་བ་ཚོའི་ཆེད་དུ། མཆོད་འབུལ་བསྔོ་སྨོན་རྒྱས་པ་ཞིག་འཚོགས་གནང་བའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཆེད་དུ་འཛོམས་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས།བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་དོན་ལ། བོད་ནང་ས་ཡོམ་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཐུགས་གསོའི་གསུང་འཕྲིན་གྱི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྐྱེན་འདས་སུ་སོང་བ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་བསྔོ་སྨོན་སྐྱབས་ཞུ་དང་། རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུ་བ་དང་སྦྲགས།རྨས་སྐྱོན་ཕོགས་པའི་རང་རིགས་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོང་ཐབས་དང་། དེ་དག་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྡོད་ཁྱིམ་སོགས་ཀྱི་དཀའ་ངལ་ལས་གྲོལ་བའི་མཐུན་འགྱུར་ཡོང་བ་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་བཅས་འཁོད་ཡོད་པ་རེད།
ས་ཡོམ་དེ་བཞིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༠༥ དང་བལ་ཡུལ་གྱི་དུས་ཚོད་ལྟར་ན་སྔ་དྲོའི་ཆུ་ཚོད་༧།༠༥ཐོག་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་བྱུང་ཞིང་། ས་ཡོམ་བྱུང་ཡུལ་གྱི་རྒྱང་ཐག་ཀི་ལོ་མི་ཊར་ (KM) ༥ ཡི་ནང་ཚུད་དུ་ཐང་རི་ (Tangren)གྲོང་ཚོ་དང་། གཞལ་བྲོད་(Xuezhu) གྲོང་ཚོ། དགའ་རེ་སྒོར་སྐྱིད་(Garegoji)གྲོང་ཚོ། སྨོན་ཏོག་Meiduoགྲོང་ཚོ། ཡང་རྒྱང་ཐག་ཀི་ལོ་མི་ཊར་ (KM) ༢༠ ནང་ཚུད་དུ་མཚོ་སྒང་ཤང་དང་ཆུ་ལྷོ་ཤང་ཚུད་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་ཏེ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཚོར་བཀོད་སྒྲིག་འོས་འཚམ་གྱི་འགན་ལེན་ཐུབ་པ་དགོས་ལུགས་བཀོད་རྒྱ་བཏང་ཡོད་པས། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཉེན་སྐྱོབ་རུ་ཁག་གིས་གང་སར་མྱུར་སྐྱོབ་བྱེད་བཞིན་པའི་བརྙན་པར་མཐོང་རྒྱུ་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་ཤུགས་ཚད་ ༦.༨ བྱུང་ཡོད་པ་བརྗོད་འདུག་ཅིང་། ས་ཡོམ་གྱི་འགུལ་ཤུགས་དེ་བལ་ཡུལ་དང་རྒྱ་གར། འབྲུག་ཡུལ།བྷང་ལ་དྷེཤི་བཅས་སུའང་ཚོར་སྣང་བྱུང་བ་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་(USGS)ཀྱིས་བསྒྲགས་འདུག
ཕྱི་ལོ་ ༢༠༢༠ ལོའི་མི་འབོར་གྲངས་ཐོ་ཞིབ་བཤེར་གྱི་ཐོ་གཞུང་ལྟར་ན།དིང་རི་རྫོང་དུ་མི་འབོར་ ༦༠,༠༠༠(དྲུག་ཁྲི་)ཙམ་གནས་སྡོད་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་ཡོད་འདུག
ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱིས་ས་ཡོམ་གྱི་འགུལ་ཚད་དེ་ས་ངོས་ནས་ཀི་ལོ་མི་ཊར་ ༡༠ཙམ་གྱི་གཏིང་རིམ་དུ་བྱུང་བས། ས་ཡོམ་ཧ་ཅང་གཏིང་ཚད་ཐུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་(USGS)ཀྱི་གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་བརྒྱའི་རིང་།ཕྱི་ལོ་༢༠༢༥ལོའི་ཟླ་༡ཚེས་༧ཉིན་གྱི་ས་ཡོམ་བྱུང་སའི་མཐའ་སྐོར་གྱི་ཀི་ལོ་མི་ཊར་ ༢༥༠ ནང་ཚུན་ལ་ས་ཡོམ་ཤུགས་ཚད་ ༦ དང་དེ་ལས་མཐོ་བའི་ས་ཡོམ་ཐེངས་ ༡༠ བརྒྱབ་ཡོད་པ་བསྒྲགས་འདུག
ད་རེས་ཀྱི་ས་ཡོམ་འདི་བོད་ཀྱི་ས་ཁུལ་ཁག་མང་པོར་ཚོར་སྣང་ཐུབ་པ་བྱུང་བ་དང་། ས་ཡོམ་གྱི་འགུལ་ཤུགས་ཆེན་པོ་བྱུང་བ་མི་མང་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་འདུག་ལ། བོད་ནང་ས་ཡོམ་བྱུང་ཡུལ་དེའི་ཉེ་ཁུལ་དུ་ཁེལ་བའི་བལ་ཡུལ་གྱི་རྒྱལ་སའི་བྱང་ཕྱོགས་ས་ཁུལ་དུ་ཕྱི་ལོ་༢༠༡༥ལོར་ས་ཡོམ་ཤུགས་ཚད་ ༧.༨ བརྒྱབས་ཏེ་སྐབས་དེར་མི་གྲངས་༩,༠༠༠ཙམ་རྐྱེན་འདས་སུ་གྱུར་པ་དང་། མི་གྲངས་སྟོང་ཚོ་མང་པོར་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། ས་ཡོམ་འདིར་རྐྱེན་འདས་སུ་གྱུར་བ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པར།ཨ་མི་རི་ཀ་དང་ཨོ་སི་ཁྲི་ར་ལི་ཡ། རྒྱ་གར་གྱི་ས་གནས་ཁག་འདྲ་མིན་བཅས་སུ་བོད་མི་ཚོས་མཆོད་འབུལ་སྨོན་ལམ་འཚོག་བཞིན་པ་དང་། བཞུགས་སྒར་དུའང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ནས་སྤྱི་ཚེས་༨ཉིན་གྱི་དགོང་དྲོ་མར་མེ་ཁྲོམ་སྐོར་དང་མཚན་ཕུད་སྨོན་ལམ་འཚོགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།