༧གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བ་ཪི་ཆརཌི་སྦལཱམ་འདས་པོ་དེའི་བུ་མོར་མཇལ་ཁ་བསྩལ་གནང་མཛད།

2022.05.13
Share on WhatsApp
Share on WhatsApp
༧གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བ་ཪི་ཆརཌི་སྦལཱམ་འདས་པོ་དེའི་བུ་མོར་མཇལ་ཁ་བསྩལ་གནང་མཛད། ༧གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཉེ་ལམ་འདས་གྲོངས་སུ་ཕྱིན་པ་ཨ་རི་བ་སྐུ་ཞབས་རེས་ཆར་ཌི་སྦལཱམ་(Richard Blum)་ལགས་ཀྱི་བུ་མོར་མཇལ་ཁ་བསྩལ་སྐབས། ༠༥།༡༣།༢༠༢༢
OHHDL

ཕྱི་ཟླ་༥བའི་ཚེས་༡༣ཉིན་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་དང་ཐུགས་ཉེ་བའི་གྲོགས་པོ་དང་། ཡུན་རིང་བོད་དོན་རྒྱབ་སྐྱོར་བ་ཉེ་ལམ་འདས་གྲོངས་སུ་ཕྱིན་པའི་སྐུ་ཞབས་ཪི་ཆརཌི་སྦལཱམ་དམ་པ་དེའི་བུ་མོ་ཧེཡེ་དྷི་སྦལཱམ་(Heidi Blum)་ལགས་ལ་མཇལ་ཁ་བསྩལ་གནང་མཛད་པ་དང་། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་ཁོང་མོའི་ཕ་དམ་པའི་འདྲ་པར་ལ་གཟིགས་གནང་མཛད་ཅིང་། དམ་པ་ཁོང་གི་ཞལ་རས་དེ་ཚེ་འདི་ཕྱི་གཉིས་ཀར་ངོ་ཤེས་ཐུབ་རྒྱུ་ཡིན་པ་གསུངས་ཡོད་པ་དམ་པ་ཁོང་གི་བུ་མོ་ཧེཡེ་དྷི་སྦལཱམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་དམ་པ་རི་ཆརཌི་སྦལཱམ་(Richard Blum)་དམ་པ་ཁོང་ལ་མྱ་ངན་རྗེས་དྲན་ཆེད་མཆོད་འབུལ་སྨོན་ཚོགས་ཤིག་གནང་ཞིང་། དམ་པ་དེའི་བོུ་ཡང་སྨོན་ཚོགས་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས། དེ་རིང་རྣམ་པ་ཚོ་འདིར་ཕེབས་པ་དེས་ང་ཚོར་དམ་པ་ཁོང་གི་བཀའ་དྲིན་དྲན་གསོས་པ་ཞིག་བྱུང་སོང་ལ། དམ་པ་ཁོང་ནི་ད་བར་ཕྱག་ལས་རྒྱ་ཆེན་གནང་མཁན་ཞིག་དང་། བོད་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བལ་ཡུལ་སོགས་ལ་རོགས་སྐྱོར་ཤུགས་ཆེར་གནང་སྟེ། མི་ཚེ་ཧྲིལ་བོ་གཞན་དོན་ཆེད་རླབས་ཆེན་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་གསུངས་ཡོད་པ་རེད།
སྐབས་དེར་སྐུ་ཞབས་སྦལཱམ་དམ་པ་དེའི་བུ་མོས། ཁོང་གི་པཱ་ལགས་ལ་མཚོན་ན། བོད་དོན་དང་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཐད་ལྷག་བསམ་རྣམ་དག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་པཱ་ལགས་ཀྱིས་གསར་བཙུགས་གནང་བའི་ཨ་རིའི་ཧི་མ་ལ་ཡའི་ཐེབས་རྩ་ཁང་དེ་བཞིན་གཞི་རྒྱ་ཆེན་པོ་ཡིན་མིན་མ་བལྟོས་པར། ཁོང་གི་ངོས་ནས་ཁོང་གི་དམ་པའི་ལས་དོན་མཇུག་སྐྱོང་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
སྐུ་ཞབས་རི་ཆརཌི་སྦལཱམ་(Richard Blum)་ལགས་ནི་ཨ་རིའི་ཀ་ལི་ཧྥོར་ནི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཧྥཡེནསི་ཊཡིན་ལགས་ཀྱི་སྐུ་ཟླ་ཡིན་ཞིང་། ཁོང་རྣམ་པ་གཉིས་ཀ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཆེན་པོ་ཡོད་ལ། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡིན་པར་མ་ཟད། ཁོང་རྣམ་པ་གཉིས་ཀ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་ཡང་སྒེར་གྱི་འབྲེལ་བ་ཆེན་པོ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།