འབྲས་སྤུངས་སྒོ་མང་དང་གདན་གསུམ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

2022.11.30
Share on WhatsApp
Share on WhatsApp
འབྲས་སྤུངས་སྒོ་མང་དང་གདན་གསུམ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། འབྲས་སྤུངས་སྒོ་མང་དང་གདན་གསུམ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༡༡།༣༠།༢༠༢༢
OHHDL

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་གདན་གསུམ་ལྷ་ལྡན་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་ཐུན་མོང་གི་ཐོག་ནས། སྤྱི་ཟླ་༡༡པའི་ཚེས་༣༠ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཆོ་ག་སྔོན་དུ་འགྲོ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཉེ་བའི་ཆར་ཉི་མ་ཁ་ཤས་རིང་རྒྱ་ནག་ནང་འགྱུར་བ་ཅུང་ཙམ་འགྲོ་བཞིན་པ་དང་། གང་ལྟར་རྒྱ་ནག་ནང་འགྱུར་བ་གང་འདྲ་ཕྱིན་ན་མ་ཕྱིན་ན། རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག་པས་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་གནང་དགོས་བའི་བཀའ་བསྩལ་བ་དང་། བརྟན་བཞུགས་བསྟར་འབུལ་རྗེས་༧གོང་ས་མཆོག་གིས། བརྟན་བཞུགས་སྐབས་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་ཞེས་བསྐྱོར་བ་གསན་ཏེ་ཐུགས་སྐྱོ་ནས་སྤྱན་ཆབ་འཁོར་བྱུང་། གང་ལྟར་བོད་ཀྱི་བརྟན་མ་བཅུ་གཉིས་སོགས་བོད་གངས་ཅན་ལྗོངས་ཀྱི་ལྷ་མི་ཚང་མས། ༧རྒྱལ་བ་རིན་པོ་ཆེའི་རེ་འདུན་དང་དམིགས་ཡུལ་ཡོད་པ་དེ། ཇི་བཞིན་འགྲུབ་ཐུབ་པར་ཧུར་ཐག་བྱེད་ཀྱི་ཡོད་པས་ཏན་ཏན་བདེན་མཐའ་སེལ་ཡོང་གི་རེད་ཅེས་དང་། ད་དུང་༧གོང་ས་མཆོག་གིས། ཁྱོད་ཚོས་༧རྒྱལ་བ་རིན་པོ་ཆེ་བླ་མ་དཔོན་པོ་ལ་བརྩི་བ་ནང་བཞིན། ངོས་ལ་ཇོ་བོ་ཝ་ཏི་བཟང་པོ་བླ་མ་དཔོན་པོ་ཆགས་བསྡད་ཡོད་པས། ཉིན་མཚན་དུས་དྲུག་ཏུ་ཝ་ཏི་བཟང་པོ་ངའི་མགོ་ལ་བཞུགས་ཏེ་བྱིན་རླབས་གནང་གི་འདུག་པས། ངོས་ལ་རེ་བ་རྒྱག་མཁན་ཚང་མར་ཝ་ཏི་བཟང་པོ་ཁྱེད་རང་གིས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གནང་སྟེ། འཕྲལ་དུ་ཚེ་འདིར་ནད་མེད་པ། བྱ་བ་ལམ་དུ་འགྲོ་བ། ཕུགས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བའི་ས་བོན་བཏབ་སྟེ་ག་ལེར་ག་ལེར་སྐྱེ་ཐུབ་པ་ཞིག་གནང་ཤོག་ཐུགས་སྨོན་ཀྱང་གནང་སོང་།

2022-11-30-Dharamsala-G11_SA19289.jpg
གཞན་ཡང་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཐབས་སྐྱོ་བོ་ཡིན་ནའང་། གོ་སྐབས་དེ་བརྒྱུད་ནས་འཛམ་གླིང་སྤྱི་ལ་བོད་ཀྱི་སངས་རྒྱས་པའི་ཆོས་དེར་མཐོང་སླེབས་པ་དང་དགའ་མོས་བྱེད་ས་ཞིག་བྱས་བསྡད་ཡོད་པར་བརྟེན། གཙོ་ཆེ་ཤོས་བཙན་བྱོལ་དུ་ཡོད་པ་སེ་འབྲས་དགེ་གསུམ་གྱིས་ད་བར་ཧུར་ཐག་བྱས་པ་ནང་བཞིན། ད་དུང་ཡང་ཐོས་དོན་སྒྲུབ་ལ་བརྩོན་དགོས་པ་སོགས་ལམ་སྟོན་ཕེབས་སོང་།

2022-11-30-Dharamsala-G09_SA19223.jpg
བརྟན་བཞུགས་བསྟར་འབུལ་ཞུ་མཁན་གདན་གསུམ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པའི་ངག་དབང་ཀླུ་སྒྲུབ་ལགས་ནས། དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་སོགས་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་བརྟན་བཞུགས་ཧ་ཅང་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ངག་དབང་སྦྱིན་པ་ལགས་ནས། སྤྱིར་བརྟན་བཞུགས་དང་ལྷག་པར་འདི་ལ་ཨ་མི་རི་ཀ་དང་ཨུ་རུ་སུ། སོག་ཡུལ་དང་ཉི་ཧོང་། ཐེ་ཝན་སོགས་ནས་མགྲོན་པོ་མང་པོ་ཆེད་དུ་བཅར་ཡོད་པས། ལམ་ཁའི་བདེ་འཇགས་དང་བཞུགས་གནས་སོགས་འགན་ཁུར་མང་པོ་སྒྲུབ་དགོས་ཀྱི་ཡོད་ནའང་། ད་ཆ་༧གོང་ས་མཆོག་ལ་བརྟན་བཞུགས་ཡོངས་སུ་ཧ་ཅང་ཡག་པོ་གྲུབ་པར་བསྐལ་བ་ཧ་ཅང་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎