ཨ་རིའི་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མཉམ་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་པ་ཁག་ལ་ཆེ་བསྟོད་ཞུ་བ་དང་༧སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་ཞུས་འདུག
ཕྱི་ཟླ་༧་ཚེས་༦་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་སྐབས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ནེཌ་པརཡིསི་(Ned Price)་མཆོག་གིས། དེ་རིང་གི་གནས་ཚུལ་གལ་ཆེ་ཤོས་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་འདི་ཡིན།
ཁོང་གི་གཟི་བྱིན་དང་བྱམས་བརྩེ་ཡིས་ང་ཚོ་ཚང་མའི་ཐོག་སེམས་སྐུལ་ཆེན་པོ་ཐེབས་ཡོད་ཅེས་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེ་དང་བྱམས་བརྩེ། འདྲ་མཉམ་སོགས་རླབས་ཆེན་གྱི་དགོངས་པ་ཁག་མཉམ་སྤྱོད་གནང་མཁན་གོ་ལ་འདིའི་སྟེང་གི་བོད་མིའི་སྤྱི་ཚོགས་དང་། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གཞན་དུ་གནས་པ་ཚང་མར་བསྔགས་བརྗོད་ཞུ་རྒྱུ་སྦྲགས། ༧གོང་ས་ཏཱ་ལའི་བླ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པར་རེ་སྨོན་ཞུ་མཁན་ཚོ་དང་ལྷན་དུ་ང་ཚོས་ཀྱང་དེ་དོན་ཞུ་བཞིན་ཡོད་པ་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi)་ཀྱིས་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་ཚབ་ཞུས་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་ཆེད་དམིགས་བསལ་འཚམས་འདྲི་གནང་ནས། འཁྲུངས་སྐར་ཉིན་ནི་༧གོང་ས་མཆོག་གིས་འཛམ་གླིང་ལ་སྤེལ་བའི་ཞི་བདེའི་བསླབ་བྱ་དང་རླབས་ཆེན་གྱི་དགོངས་གཞི་ཁག་བསྒྲུབ་པ་དང་ལག་ལེན་བྱེད་རྒྱུའི་གོ་སྐབས་ཡག་ཤོས་ཞིག་ཡིན་པ་དང་། ཞི་བདེ་ལ་དགའ་བའི་༧གོང་ས་ཏཱ་ལའི་བླ་མའི་རྗེས་འབྲངས་བ་དང་བོད་མི་ཚོས་ཆོས་དང་རིག་གཞུང་རང་དབང་ངང་ལོངས་སུ་སྤྱོད་ཐུབ་པར་ཨ་རིའི་གཞུང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱ་ནག་གཞུང་གི་ཐེ་ཇུས་བྱ་སྤྱོད་རིགས་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།