༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་གློག་རྡུལ་འཕྲུལ་དེབ་འགྲེམས་སྤེལ་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་རྒྱལ་མཆོག་༸སྐུ་ཕྲེང་ ༡༤ པ་ཆེན་པོའི་ཐུགས་སྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་སྐོར་མཁས་པའི་བགྲོ་གླེང་གི་བརྗོད་གཞི་ཁག་གི་ཐོག་མཁས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་གློག་རྡུལ་འཕྲུལ་དེབ་འགྲེམས་སྤེལ་གནང་འདུག
སྐད་ཡིག་བཞིའི་ནང་ཡོད་པའི་དྲྭ་ཐོག་འཕྲུལ་དེབ་དེ་ནི། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལོ་གཅིག་རིང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་དང་བསྟུན་ནས་འདོན་སྤེལ་གནང་བ་ཞིག་ཡིན་པ་རེད་འདུག
དྲྭ་ཐོག་འཕྲུལ་དེབ་དེ་བོད་ཡིག་དང། དབྱིན་ཡིག། རྒྱ་ཡིག རྒྱ་གར་སྐད་ཡིག་བཅས་སྐད་ཡིག་བཞིའི་ནང་ཡོད་ཅིང། སྤྱི་ལོ་༢༠༢༠ ཟླ་༡༢ པའི་ནང་དྲྭ་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་ལས་རིམ་གོ་སྒྲིག་གནང་བའི་སྐབས་མཁས་དབང་བརྒྱ་ཕྲག་ལྷག་གིས་གསུང་བཤད་གནང་བ་རྣམས་ཕྱོགས་བསྡུས་ཞུས་གནང་བ་ཞིག་ཡིན་པ་དང་། བགྲོ་གླེང་ལས་རིམ་དེ་བཀའ་ཤག་སྐབས་༡༥ པས་སྤྱི་ལོ་༢༠༢༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུས་གནང་བའི་ཆ་ཤས་ཞིག་ཡིན་པ་རེད། གསུང་བཤད་ཀྱི་ཕྲེང་བ་ལེགས་གྲུབ་བྱུང་བའི་རྗེས་མི་མང་པོས་གསུང་བཤད་དེ་དག་དེབ་ཏུ་བསྒྲིགས་དགོས་པའི་དགོངས་འཆར་སྟོན་གནང་བ་བཞིན་འཕྲུལ་དེབ་དེའི་ལས་གཞི་འགོ་འཛུགས་གནང་བ་ཞིག་ཡིན་པ་རེད།
མཐའ་མའི་དཔར་སྐྲུན་དེ་ནི་སྐད་ཡིག་བཞིའི་ནང་ཡོད་པའི་གསུང་བཤད་རྣམས་ཡི་གེར་ཕབ་པ་དང་། ཞུ་དག་གནང་བ་བཅས་ཀྱི་ལས་རིམ་ཞིབ་ཚགས་གནང་བའི་བརྒྱུད་བྱུང་བ་ཞིག་ཡིན་པ་དང་། མཐའ་མའི་དགོངས་འཆར་དང་། ཆོག་མཆན་ནི་དགའ་ལྡན་ཕོ་བྲང་ནས་གནང་བ་ཞིག་རེད་འདུག
འཕྲུལ་དེབ་དེའི་ནང་གསུང་བཤད་གནང་མཁན་མི་སྣ་གྲགས་ཅན་ཁག་གིས་༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ལ་ཁོང་རྣམས་པས་དུས་ཡུན་རིང་པོའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕྱག་ལས་གནང་བ་དང་། ཤེས་ཡོན་སྦྱངས་གནང་བའི་ཉམས་མྱོང་ལ་གཞི་བཅོལ་ནས་གཟིགས་ཚུལ་དང་། དགོངས་ཚུལ་རྣམས་གསལ་བཤད་གནང་ཡོད་པ་རེད།
དེ་བཞིན་ཐུགས་འགན་དེ་དག་གི་སྐོར་མང་ཚོགས་ཀྱི་ཁྲོད་དུ་གོ་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཐུགས་འགན་དེ་དག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་གཏིང་ཟབ་གང་འདྲ་ཞིག་སྐྲུན་ཡོད་མེད་ཀྱི་སྐོར་ལ་རྒྱུས་མངའ་སྤེལ་ཐབས་གནང་བ་ཞིག་ཡིན་པ་རེད། འཕྲུལ་དེབ་དེ་ནི་བཀའ་ཤག་སྐབས་༡༥ པས་སྤེལ་གནང་བའི་བཀྲིན་རྗེས་དྲན་ལོ་ཡི་ལས་འཆར་ལས་འགོ་བཙུགས་གནང་ཞིང་། ད་ལྟའི་བཀའ་ཤག་སྐབས་བཅུ་དྲུག་པས་བྱམས་བརྩིའི་ལོ་ཡི་གྲ་སྒྲིག་གནང་བཞིན་པའི་སྐབས་མཇུག་སྒྲིལ་གནང་ཡོད་པ་རེད།
ཕྱི་དྲིལ་ལས་ཁུངས་ཀྱིས་འཕྲུལ་དེབ་དེའི་ཐོག་གསལ་བའི་གནད་དོན་དེ་དག་རྒྱ་ཆེའི་མང་ཚོགས་ཀྱིས་གཟིགས་ཐུབ་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འགན་རླབས་ཆེན་རྣམས་ལ་སློབ་སྦྱོང་དང་དོན་སྙིང་ལྡན་པའི་སྒོ་ནས་འབྲེལ་བ་གནང་འདོད་ཡོད་མཁན་ཚང་མར་ཕན་ཐོགས་ཡོང་བའི་དམིགས་ཡུལ་བཟུང་གནང་ཡོད་པ་དང་། ད་ལྟའི་དྲྭ་ཐོག་དེབ་དེ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ tibet.net ནང་གཟིགས་ཐུབ་ཀྱི་ཡོད་པ་དང་། གསུང་བཤད་ཆ་ཚང་བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ་དང་། YouTube བརྒྱུད་ལམ་ཁག་ནང་གཟིགས་ཐུབ་ཀྱི་ཡོད་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་གསལ་འདོན་གནང་འདུག།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།