སྤྱི་ནོར་༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ཆོས་འབྲེལ་མཛད་འདུག

2022.08.10
Share on WhatsApp
Share on WhatsApp
སྤྱི་ནོར་༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ཆོས་འབྲེལ་མཛད་འདུག སྤྱི་ནོར་༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། ༠༨།༡༠།༢༠༢༢
OHHDL

ལ་དྭགས་ལིང་ཤེད་སྐུ་འབུམ་བཀྲ་ཤིས་འོད་འབར་དབྱར་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་མཆོག་ཕྱི་ཟླ་༨ཚེས་༡༠ཉིན་ལ་དྭགས་རྒྱལ་ས་གླེ་ནས་ལིང་ཤེད་བར་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་བསྒྱུར་བསྐྱངས་ཤིང་། ལིང་ཤེད་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཐོག་ཆོས་འབྲེལ་གསུང་ཆོས་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལིང་ཤེད་ཡུལ་མི་གཙོས་ཉེ་འཁོར་ཡུལ་ཆུང་ཁག་གི་ཆོས་ཞུ་བ་ཚོར་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བསྩལ་མཛད་སྐབས། ལ་དྭགས་ཀྱི་དགོན་པ་ཚང་མས་འདོན་པ་འདོན་པ་ཙམ་དང་ཆོ་ག་ཕྱག་ལེན་བྱེད་པ་ཙམ་མིན་པར། གཙོ་བོ་སངས་རྒྱས་ཀྱི་གསུང་དང་རྒྱ་གར་གྱི་པན་གྲུབ། དེ་བཞིན་བོད་ཀྱི་མཁས་པ་ཚོས་མཛད་པའི་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེར་བརྩི་དགོས་པ་བཀའ་གནང་འདུག་ལ། ལ་དྭགས་ཁུལ་དུ་རིམ་པས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་མཁན་གྱི་དགོན་པ་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ལ་དྭགས་ཀྱི་སློབ་གྲྭའི་སློབ་ཕྲུག་ཚང་མར་མཚན་ཉིད་རིག་ལམ་གྱི་སློབ་སྦྱོང་སྤྲོད་བཞིན་པར་བསྔགས་བརྗོད་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟའི་བོད་ཀྱི་གནས་སྟངས་ཡག་པོ་ཞིག་མེད་ན་ཡང་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་པ་བཀའ་གནང་པ་དང་སྦྲགས། ལ་དྭགས་པ་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གོང་མཐོར་གཏོང་ཐབས་དང་། ལྷག་པར་སྟོང་པ་ཉིད་ཀྱི་ལྟ་བར་སྦྱང་བརྩོན་ཆེད་མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། རྩ་བ་ཤེས་རབ་བཅས་ལ་དོ་སྣང་བྱེད་གལ་ཆེ་བ་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

Dalai lama lingshed 2022 (1).jpg
ལིང་ཤེད་ནི་ལ་དྭགས་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཏུ་ཆགས་ཡོད་ཅིང་། ལིང་ཤེད་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒན་ཚེ་དབང་འབྱོར་རྒྱས་ལགས་ཀྱིས། ཉིན་བཅུའི་རིང་ལིང་ཤེད་དབྱར་ཆོས་ཆེན་མོ་ཚོགས་རིང་། ལིང་ཤེད་ཡུལ་མི་དང་ས་ཕྱོགས་འདྲ་མིན་ནས་ཕེབས་མཁན་གྱི་ཆོས་ཞུ་བ། ཡང་ལ་དྭགས་ཀྱི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་ཕྲུག་ཚང་འཛོམས་ཐོག་ནང་ཆོས་སྤྱི་དང་། དེ་བཞིན་ནང་ཆོས་ནས་གསུངས་པའི་སེམས་ཁམས་དང་སྒོམ་གྲུབ་སོགས་ཀྱི་སྐོར་སློབ་ཁྲིད་འཛིན་གྲྭ་ཚོགས་ཡོད་པ་གསུང་གི་འདུག་ལ། དེ་དང་ཆབས་ཅིག་ཁོར་ཡུག་བདག་གཅེས་དང་། སྤྱི་ཚོགས་མཐུན་འབྲེལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་ཐོག་མཁས་པའི་བགྲོ་གླེང་ཞིག་ཀྱང་ཚོགས་ཡོད་པའི་ལས་དོན་ཁག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་གནང་སོང་།
ལ་དྭགས་དབྱར་ཆོས་ཆེན་མོ་ནི་ནང་ཆོས་གཞུང་ལུགས་ཀྱི་སློབ་གཉེར་ལྟེ་གནས་ཡོད་སའི་ལ་དྭགས་དགོན་པ་ཁག་རེ་མོས་ཀྱི་ཐོག་ནས་ལོ་ལྟར་བསྐོང་ཚོགས་གནང་བཞིན་ཡོད་ཅིང་། ད་རེས་ལིང་ཤེད་དུ་ཚོགས་པ་འདི་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་༨དེ་རེད་འདུག ལིང་ཤེད་དབྱར་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་འོངས་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དགུ་པ་དེ་ལ་དྭགས་ཟངས་དཀར་གར་ཤ་དགོན་པར་འཚོགས་སྐབས་ཀྱང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་ཡོང་བའི་གསོལ་འདེབས་ཞུས་སོང་།
ཕྱི་ཚེས་༡༡ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས། ཕྱི་ཚེས་༡༢དང་༡༣ཉིན་གཉིས་རིང་བཀའ་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎