མི་རབས་གསར་བ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུད་འཛིན་ཡར་རྒྱས་གཏོང་དགོས། ༧གོང་ས་མཆོག་གིས།

2022-01-07
Share
མི་རབས་གསར་བ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུད་འཛིན་ཡར་རྒྱས་གཏོང་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡།༧།༢༢
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་ཐད་དཔེ་ཁྲིད་དགེ་རྒན་རྣམ་པས་དྲ་ཐོག་བགྲོ་གླེང་གནང་བའི་ཉིན་གཉིས་པ་ཚེས་༧་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ལོ་༡༩༥༩་ལོར་བོད་མི་རྣམས་སྲན་མ་འཐོར་བ་བཞིན་འཐོར་ཏེ་ཐ་ན་སྲོག་འགོ་ཐོན་མིན་གྱི་གནས་སྟངས་འོག་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་རྗེས། དང་ཐོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་ཆེད་བོད་པའི་སློབ་གྲྭ་ཁག་ཟུར་འཛུགས་དང་། དེ་བཞིན་གདན་ས་ཁག་གི་གཙོས་དགོན་སྡེ་གྲྭ་ཚང་ཁག་གསར་འཛུགས་ཀྱིས་ད་ལྟའི་ཆར་དཔེ་ཆ་ལྟ་རྒྱུ་ཙམ་དུ་མ་ཟད། དབུ་ཕར་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་འདི་བྱུང་བ་རེད། བཙན་བྱོལ་ནང་གི་མི་རབས་སྔོན་མ་ཚོས་དཀའ་སྤྱད་འབད་འབུངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་བཏིང་བའི་ཐོག་མི་རབས་གསར་པ་ཚོས་འཕྲོ་བསྐྱངས་ཏེ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན་ཅེས་དང་། ནང་པ་སངས་རྒྱས་པའི་གཞུང་དང་། ལྷག་པར་དུ་དཔལ་ན་ལེནྡྲའི་དབུ་ཚད་ཟུང་འཇུག་གི་གཞུང་ལུགས་སློབ་ཁྲིད་བྱེད་པ་ལ་ལེགས་སྦྱར་གཙོས་སྐད་ཡིག་གཞན་ལས་བོད་ཀྱི་སྐད་ཡིག་འདི་ཡག་ཤོས་དང་ཆ་ཚང་ཤོས་ཆགས་ཀྱི་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད།
༧གོང་ས་མཆོག་གིས་ད་དུང་བགྲོ་གླེང་ཐོག་འདུལ་བ་དང་རང་མཚན་སོགས་ཀྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་བ་དང་སྦྲགས། དཔེ་ཆ་བལྟ་བའི་དགོས་དོན་སྙིང་པོ་ནི། བཤད་པ་རྐྱང་རྐྱང་མ་ཡིན་པར་རྒྱུད་ཐོག་ལ་འཇགས་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་མྱོང་རྣམས་ཉིན་དང་ཟླ་བ། ལོ་བཅས་སུ་ཡར་རྒྱས་འགྲོ་ཐུབ་ནས་སེམས་ལ་འགྱུར་བ་འགྲོ་ཐུབ་པ་ཞིག་བྱུང་ན། འཕགས་བོད་པཎ་གྲུབ་རྣམ་པས་གཞུང་ལུགས་བརྩམས་པའི་དགོས་དོན་འགྲུབ་པ་རེད་ཅེས་བཀའ་བསྩལ་སོང་།
ད་དུང་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་གི་ནང་ནས་ལྟ་བའི་ཡང་རྩེར་སོན་པ་བདེན་འཛིན་ལ་ཁ་གཏད་གཅོག་མཁན་གཙོ་བོ་ནི། དབུ་མའི་ལྟ་བ་ཆགས་ཀྱི་ཡོད་དུས། དེའི་ཐད་ཐོས་པ་རྐྱང་པ་མིན་པར་བསམ་པ་དང་སྒོམ་པ་ཡ་མ་བྲལ་བ་བྱས་ན་ཏན་ཏན་སེམས་ནང་འགྱུར་བ་ཞིག་ཡོང་གི་ཡོད་པ་ཁོང་གི་མྱོང་བ་དངོས་ལས་ར་འཕྲོད་བྱུང་སོང་ཞེས་དང་། ང་རང་ཡིན་ན་རྒྱུན་ལྡན་ནས་དེའི་ཐད་བསམ་བློ་མང་པོ་ཞིག་གཏོང་གི་ཡོད། ང་རང་ཚེ་འདིར་འགོག་བདེན་རྗེས་མཐུན་པ་ཞིག་དང་སྦྱོར་ལམ་ཐོབ་མི་ཡོང་ངམ་བསམ་པའི་རེ་བ་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
ཚེས་༧་ཉིན་ནི་བགྲོ་གླེང་ཉིན་གཉིས་པ་ཡིན་པ་དང་། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་དང་། རྭ་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་ལྷུན་གྲུབ་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་ཟླ་བ་བཟང་པོ་ལགས་ནས་ཕར་ཕྱིན་སྐོར་དང་། དེ་བཞིན་སྒོ་མང་དགེ་བཤེས་འཇམ་དབྱངས་དགེ་འདུན་ལགས་ནས་དྲང་ངེས་ལེགས་བཤད་སྙིང་པོ་ལས་འཕྲོས་ཏེ་དབུ་མའི་དཀའ་གནད་སྐོར། སེར་བྱེས་གྲྭ་ཚང་གི་དགེ་བཤེས་ངག་དབང་ཐོགས་མེད་ལགས་ནས་འདུལ་བའི་གཞུང་གི་དཀའ་གནད་སྐོར། རྒྱུད་སྟོད་དགེ་བཤེས་མཁས་གྲུབ་ནོར་བཟང་ལགས་ནས་གསང་སྔགས་ཀྱི་སྐོར་ལ་གསུང་བཤད་དང་། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་སོགས་གནང་ཡོད་པ་རེད།
ཉིན་གཉིས་ཀྱི་བགྲོ་གླེང་རྗེས་རྒྱལ་སྤྱིའི་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་བགྲོ་གླེང་གི་མཇུག་སྡོམ་གྱི་གསུང་བཤད་གནང་ནས་མཇུག་སྒྲིལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།