ཆོས་པ་ཚོས་འཛམ་གླིང་ཞི་བདེའི་དོན་དུ་ནུས་པ་ལྡན་པའི་ལས་དོན་སྤེལ་དགོས། ༧གོང་ས་མཆོག་གིས།

2021-10-18
Share
ཆོས་པ་ཚོས་འཛམ་གླིང་ཞི་བདེའི་དོན་དུ་ནུས་པ་ལྡན་པའི་ལས་དོན་སྤེལ་དགོས། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 10/18/21
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཐེངས་༨་པའི་ཐོག་འདི་ཚེས་༡༨་བརྙན་ལམ་བརྒྱུད་གསུང་འཕྲིན་བསྩལ་བའི་ནང་། ཆོས་ལུགས་ཆེ་ཁག་ཚང་མའི་བསླབ་བྱ་ནི་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དེ་ཡིན་པ་དང་། བྱམས་བརྩེ་ནི་ཞི་བདེའི་འབྱུང་རྩ་ཡིན་སྟབས། ཞི་བདེ་དོན་དུ་གཉེར་རྒྱུར་ཆོས་པ་ཚོས་ནུས་པ་ལྡན་པའི་ལས་དོན་སྤེལ་དགོས་པ་བཀའ་གནང་འདུག
སྐབས་བརྒྱད་པའི་འཛམ་གླིང་གི་ཆོས་ལུགས་གྲོས་ཚོགས་འདི་བཞིན་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དྲ་ལམ་བརྒྱུད་ཕྱི་ཟླ་༡༠་བའི་ཚེས་༡༦་ནས་༡༨་བར་བསྐོང་ཚོགས་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། བྱམས་བརྩེའི་ཉམས་ལེན་གྱི་ཐོག་ནས་སེམས་ལ་ཞི་བདེ་བསྐྲུན་ཐུབ་པ་དང་། སེམས་ཀྱི་ཞི་བདེའི་ཐོག་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཡང་ཞི་འདུལ་འབྱུང་ཐབས་སྟབས། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐད་ལས་འགན་ཆེན་པོ་ཞིག་བསྒྲུབ་པའི་ནུས་པ་ཡོད་པ་བཀའ་གནང་འདུག
ལྷག་པར་དུ་ཆོས་ལུགས་འདྲ་མིན་དབར་གྱི་བཞེད་པ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་དཀའ་རྙོག་འབྱུང་བཞིན་པ་དེ་དག་ནི་ཆབ་སྲིད་ཀྱི་དབང་ཆ་དང་ཁེ་ཕན་གྱི་ཆེད་ཆོས་ལུགས་ཀྱི་མིང་བདེ་སྤྱོད་ལོག་པར་བཏང་བ་ལས་བཟོས་པ་ཡིན་པ་བཀའ་གནང་ཞིང་། ཆོས་ལུགས་ཚང་མའི་བསླབ་བྱ་ངོ་མ་ནི་སེམས་པ་བཟང་པོ་དང་བཟོད་བསྲན་བྱེད་རྒྱུ་སོགས་ཡིན་སྟབས། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་ཚང་མར་ནང་གི་ཞི་བདེ་བསྒྲུབ་རྒྱུར་ཞབས་འདེགས་ཞུ་བའི་ནུས་པ་ཆེན་པོ་ཡོད་པ་ནན་ཏན་གྱིས་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནང་སེམས་ཀྱི་ཞི་བདེ་དོན་གཉེར་ཐད་ཆོས་ལུགས་ཚང་མས་འབད་བརྩོན་གནང་ཚེ། ཆོས་ལུགས་མཐུན་བསྒྲིལ་དང་ཕན་ཚུན་གུས་བརྩི་ཡང་རང་བཞིན་གྱིས་ཡོང་རྒྱུ་ཡིན་པ་བཀའ་གནང་ཐོག རྒྱ་གར་དཔེ་མཚོན་དུ་བཀོད་གནང་གིས། ཆོས་ལུགས་ཆེ་ཁག་ཚང་མ་འཆམ་མཐུན་ངང་མཉམ་གནས་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག
ཆོས་ལུགས་ཀྱི་མིང་ཐོག་ནས་ཞི་བདེ་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ནི་ཧ་ཅང་ཕན་ཐོག་ཆེན་པོ་ཡོད་པ་དང་གལ་འགངས་ཧ་ཅང་ཆེན་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་ཞིང་། ཆོས་ལུགས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཆོས་ལུགས་ཀྱི་ལྟ་གྲུབ་ལུང་འདྲེན་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ནུས་པ་ལྡན་པའི་ལས་འགུལ་སྤེལ་དགོས་པ་བཀའ་གནང་པ་དང་། ལྷག་པར་དུ་འཐུས་མི་རྣམ་པ་ཚོས་འཛམ་གླིང་ནང་གི་དཀའ་རྙོག་སྤྱི་དང་། བྱེ་བྲག་ཏུ་ཆོས་ལུགས་ཀྱི་མིང་ཐོག་ནས་དཀའ་རྙོག་འབྱུང་སྐབས་ནུས་པ་ལྡན་པའི་ཐོག་ནས་ཞི་བདེ་བསྐྲུན་ཐབས་དང་ཆོས་ལུགས་མཐུན་བསྒྲིལ་ཐད་ལས་དོན་སྤེལ་དགོས་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཉིད་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ནང་པའི་ཆོས་པ་ཞིག་ཡིན་པའི་༧སྐུ་ངོས་ནས། ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་འབྱུང་ཐབས་ཐད་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་བཀའ་གནང་འདུག
འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ། ཕྱི་ལོ་༡༨༩༣་ལོར་ཆོས་ལུགས་འདྲ་མིན་ནང་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་མཐུན་སྒྲིལ་འབྱུང་ཐབས་ཆེད་ཨ་རིའི་གྲོང་ཁྱེར་ཆི་ཁ་སྒོར་ཚོགས་ཤིང་། དེའི་རྗེས་ལོ་མང་རིང་འཛམ་གླིང་ཆོས་ལུགས་གྲོས་ཚོགས་ཀྱི་ངོ་བོའི་ཐོག་ནས་ཚོགས་འདུ་བསྐོང་ཚོགས་མ་ཐུབ་པར་དུས་རབས་ཅིག་ཙམ་སོང་བའི་རྗེས། ཕྱི་ལོ་༡༩༩༣་ལོར་སླར་ཡང་གྲོས་ཚོགས་ཀྱི་ངོ་བོ་སླར་གསོ་ཐུབ་པ་བྱུང་ཡོད་པ་རེད། ཕྱི་ལོ་༢༠༡༤་ལོར་འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཨ་རིའི་གྲོང་ཁྱེར་ སོལཊ་ལེཀ་རུ་(Salt Lake City)་བསྐོང་ཚོགས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།