གནོད་ཐེབས་མི་མང་དང་ཉམ་ཐག་ལ་རོགས་རམ་བྱེད་པར་ཀུན་སློང་གཙང་མ་དགོས། ༧གོང་ས་མཆོག་གིས།

2021-11-17
Share
གནོད་ཐེབས་མི་མང་དང་ཉམ་ཐག་ལ་རོགས་རམ་བྱེད་པར་ཀུན་སློང་གཙང་མ་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡༡།༡༧།༢༡
OHHDL

རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པ། རྒྱ་གར་རྒྱལ་ཡོངས་འབྱུང་བའི་གོད་ཆག་འཛིན་སྐྱོང་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་ལྟར། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྤྱི་ཟླ་༡༡་པའི་ཚེས་༡༧་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། བརྩེ་བ་དང་སྙིང་རྗེའི་བརྗོད་གཞི་དང་འབྲེལ་ཏེ་བཀའ་སློབ་སྩལ་སྐབས། འཇར་མན་ནང་གི་བཟོ་ཚོང་སྤྱི་ཁྱབ་པ་(Shri Hitesh kotak)་ལགས་ཀྱིས། འབྱུང་བའི་གོད་ཆག་ཕོག་པ་ཚོར་གཞུང་གིས་དངུལ་དངོས་ཀྱི་སྐྱོབ་གསོ་ཕུལ་གྱི་ཡོད་ནའང་། སེམས་ཁམས་བདེ་ཐང་བསྐྱར་གསོ་ཡོང་བར་ཕན་ཁྱད་ཇི་ལྟར་འདོན་དགོས་པ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ཁོང་ཚོར་དངུལ་དངོས་ཀྱི་ཞལ་འདེབས་ཕུལ་བའི་ཐོག ཕྱོགས་ཡོངས་ནས་བྱམས་བརྩེ་དང་འཚེ་བ་མེད་པའི་བསླབ་བྱ་གོང་སྤེལ་གཏོང་དགོས། ང་ཚོའི་ད་ཡོད་ཤེས་ཡོན་ལམ་སྲོལ་གྱི་ནང་ཆོས་དང་མ་འབྲེལ་བའི་ལམ་ནས། སེམས་ཁམས་ཞི་བདེ་ཡོང་བའི་ཤེས་ཡོན་ལམ་སྲོལ་དང་སྙིང་རྗེ་བསམ་བློ་དེ་འཇུག་དགོས་ངེས་ཤིག་རེད། རྒྱ་གར་དུ་ད་ལྟའི་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་། ནང་སེམས་ཀྱི་ཞི་བདེ་ལ་དེ་ཙམ་དོ་སྣང་གནང་གི་མེད་པས། མི་སྒེར་དང་ཚོགས་པ་སུ་ཡིན་ན། ཉམ་ཐག་དབུལ་ཕོངས་ལ་དངུལ་དངོས་ཀྱི་རོགས་རམ་ཙམ་མིན་པར། ཕྱོགས་ཡོངས་ནས་བྱམས་བརྩེ་དང་འཚེ་བ་མེད་པ་གོང་སྤེལ་བཏང་ཐུབ་ན། གནས་སྟངས་ལ་འགྱུར་བ་འགྲོ་ངེས་རེད་ཅེས་ལམ་སྟོན་ཕེབས་ཡོད་པ་རེད།
ཡང་རྒྱ་གར་ནང་གི་བཟོ་བསྐྲུན་པ་དགེ་རྒན་ཆེན་མོ་(Ravi་Sinha)་ལགས་ནས། འབྱུང་བའི་གོད་ཆག་ལ་གདོང་ལེན་སྐབས་ཀུན་སློང་འཁུར་སྟངས་ཀྱི་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། འབྱུང་བའི་གནོད་འཚེ་ཕོག་པ་སོགས་དཀའ་ངལ་ཆེན་པོ་འཕྲད་པའི་མི་ལ་རོགས་རམ་གནང་སྐབས། སོ་སོའི་ཆེད་ལས་ཙམ་ཡིན་པ་དང་། ཡང་ན་རང་ལ་གཏམ་སྙན་གྲགས་ཡོང་ཐབས་སུ་མི་འབད་པར། ཀུན་སློང་རྣམ་དག་གི་སྙིང་རྗེའི་སྒོ་ནས་ཁོ་ཚོ་ཡང་རང་ཉིད་དང་འདྲ་བར་མི་ཡིན་པ་དང་། ང་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་འདོད་ཡོད་པ་བཞིན། ཁོང་ཚོར་ཡང་དེ་མཚུངས་ཀྱི་ཐོབ་ཐང་གཅིག་པ་ཡོད་པར་བརྟེན། ཁོ་ཚོར་འབྱུང་བའི་གནོད་འཚེ་ལྟ་བུ་དཀའ་ངལ་འཕར་མ་ཡོང་སྐབས། ང་ཚོས་ངེས་པར་ཁ་ཡོད་ལག་ཡོད་ཀྱི་སྙིང་རྗེ་ལ་དོ་སྣང་གང་ལེགས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། ལག་ལེན་གྱི་ཐོག་ནས་སྙིང་རྗེ་ཉམས་ལེན་བྱེད་པར། དཀའ་ངལ་འཕྲད་པའི་གནས་སྐབས་དེ་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན། གང་ལྟར་རོགས་རམ་ལ་ཀུན་སློང་གཙང་མ་དགོས་ཅེས་དང་། ཡང་༧གོང་ས་མཆོག་གིས། རྒྱ་གར་ནས་ངོས་ཀྱི་གསུང་འཕྲིན་རྒྱ་ནག་ཚུད་པའི་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པས། ད་ཆ་མི་མང་པོ་ཞིག་གིས་ངོས་རང་ཕལ་ཆེར་རྒྱ་གར་གྱི་གནའ་རབས་ཤེས་ཡོན་གྱི་དགེ་རྒན་ཡག་ཤོས་སུ་བརྩི་བཞིན་པར། ངོས་རང་དངོས་གནས་སེམས་ནང་སྤོབས་པ་ཡོད་པ་མ་ཟད། ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་ཆེད། རྒྱ་གར་གྱི་གནའ་རབས་ཤེས་ཡོན་ལ་ཞབས་ཞུ་སྒྲུབ་འདུན་ཆེན་པོ་ཡོད་པ་བཀའ་གནང་སོང་།
རྒྱ་གར་རྒྱལ་ཡོངས་འབྱུང་བའི་གོད་ཆག་འཛིན་སྐྱོང་ལྷན་ཚོགས་ནི། རྒྱལ་སྤྱི་དང་རྒྱལ་ཡོངས་ཀྱི་གནས་སྟངས་གཞི་ལ་བཞག་སྟེ། འབྱུང་བའི་གོད་ཆག་སྔོན་འགོག་གི་ཐབས་ལམ་སྦྱོང་བརྡར་ཕུལ་བ་དང་། འབྱུང་བའི་གོད་ཆག་ཐེབས་པ་བསྐྱར་གསོ་ཡར་རྒྱས་ཡོང་ཐབས་ཀྱི་ཉམས་མྱོང་ལག་བསྟར་སྤེལ་མཁན་གྱི་ཚོགས་སྡེ་ཞིག་ཡིན་པར་བརྟེན། ལྷན་ཚོགས་དེའི་འགན་འཛིན་(Manoj Kumar Bindal)་ལགས་ནས། བྱམས་བརྩེའི་བསམ་པ་ནི་གོད་ཆག་གི་སྐབས་སུ་ཧ་ཅང་གལ་ཆེན་ཆགས་ཡོད་པས། ༧གོང་ས་མཆོག་གི་བྱམས་བརྩེ་དང་སྙིང་རྗེའི་ཤེས་རབ་ཀྱིས། གོད་ཆག་གདོང་ལེན་ལ་བློ་བསྐྱེད་ཡོང་བའི་བཀའ་སློབ་ཞུས་པ་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།