འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་སེམས་པ་བཟང་པོ་བྱ་དགོས། ༧གོང་ས་མཆོག་གིས།

2021-11-24
Share
འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་སེམས་པ་བཟང་པོ་བྱ་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡༡།༢༤།༢༡
OHHDL

སྤྱི་ཚོགས་བདེ་དོན་དང་བདེ་ཐང་། སྤྱི་ཚོགས་ཞབས་ཞུ་བཅས་བདག་ཉིད་ཆེན་མོ་གྷན་ངྷིའི་དགོངས་པ་ལ་མིག་ལྟོས་ཀྱིས་སྒྲུབ་མཁན། ལ་ཊིན་ཨ་མི་རི་ཀའི་སྦི་རཱ་ཛིལ་རྒྱལ་ཁབ་ཀྱི་(Palas Athena Association)་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༡་པའི་ཚེས་༢༤་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། སེམས་ལ་སློབ་གསོ་སྤྲོད་སྟངས་ཀྱི་བརྗོད་གཞི་དང་འབྲེལ་ཏེ་ལམ་སྟོན་ཕེབས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་སེམས་པ་བཟང་པོ་བྱ་རྒྱུ་དེ་ཤེས་ཡོན་ལམ་སྲོལ་གྱི་ནང་བཅུག་ཐུབ་ན། ལུས་སེམས་བདེ་ཐང་དང་། ནང་མི་དང་སྤྱི་ཚོགས། འཛམ་གླིང་བཅས་ཞི་བདེ་ཡོང་བར་ཕན་ཐོགས་ཡོད། སྐབས་རེར་མི་ཚོས་སེམས་པ་བཟང་པོ་བྱ་རྒྱུ་ནི་ཆོས་ཀྱི་ཉམས་ལེན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ནའང་། དོན་གྱིས་དེ་འདྲ་རྩ་བ་ནས་མིན་པར་སྤྱི་ཚོགས་སེམས་ཅན་གྱི་ཨ་མས་བུ་ཕྲུག་ལ་བྱམས་སྐྱོང་གནང་བ་དེ་ཆོས་དང་འབྲེལ་ཅི་ཡང་མེད། ཆོས་དད་དང་སེམས་པ་བཟང་པོ་གཉིས་ནི་དོན་དག་མི་འདྲ་བ་གཉིས་ཡིན་པའི་དབྱེ་བ་ཡག་པོ་བཀར་དགོས་པ་རེད། ཚན་རིག་པ་ཚོས་ཀྱང་སྤྱི་ཚོགས་སེམས་ཅན་ལས་སོ་སོའི་འཚོ་བ་དེ་ཚོ་དང་ཁྱུ་ལ་བརྟེན་བསྡད་པའི་རིགས།རང་བཞིན་གྱིས་ཕན་ཚུན་བློ་ཐག་ཉེ་བོ་ཡོད་པར་བཤད་བསྡད་པ་དེ། ཕན་ཚུན་རོགས་རམ་དགོས་པའི་དགོས་མཁོ་ལ་བརྟེན་ནས་བྱུང་བའི་རང་བྱུང་གི་ཐོན་འབྲས་ཤིག་རེད། ང་ཚོས་སེམས་པ་བཟང་པོ་ནི་ཆོས་ཀྱི་བྱ་བ་ཞིག་ཏུ་བརྩི་མི་རུང་བ་སྟེ། ཆོས་ལ་དད་པ་ཡོད་མེད་ནི་མི་སྒེར་སོ་སོའི་འདོད་མོས་རེད། ཡིན་ནའང་། སེམས་པ་བཟང་པོ་ནི་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད་པས། དེང་སང་ཚང་མས་ཤེས་ཡོན་གལ་ཆེན་དུ་བརྩི་བཞིན་པའི་སྐབས་འདིར། ཤེས་ཡོན་ལམ་སྲོལ་ནང་སེམས་བཟང་གི་བསླབ་བྱ་དེ་བཅུག་ཐུབ་ན། འཕྲོད་བསྟེན་དང་ནང་མི། སྤྱི་ཚོགས་དང་འཛམ་གླིང་སྤྱིར་ཞི་བདེ་ཡོང་རྒྱུར་ཕན་ཁྱད་ཡོད་ཡོད་པ་རེད་ཅེས་བཀའ་གནང་སོང་།
སྐབས་དེར་སྦི་ར་ཛིལ་གྱི་ཚོགས་པ་དེ་འཛུགས་མཁན་བུད་མེད་དགེ་རྒན་ཆེན་མོ་(Lia Diskin)་ལགས་ནས། དོན་ཕན་ལྡན་པའི་སྤྱི་སེམས་ཤིག་འཁུར་བར། མི་སྐྱ་ཚོས་འགན་ཁུར་ལེན་སྟངས་ཀྱི་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་སེམས་པ་བཟང་པོ་བྱ་དགོས་པ་དང་། མིང་དོན་མཚུངས་པའི་སེམས་པ་བཟང་པོ་ཞིག་བྱ་དགོས་ན་དམིགས་བྱ་གཙོ་བོ་ནི་འགྲོ་བ་མི་མཆེད་གྲོགས་ཕོ་མོ་ཕན་ཚུན་བར་དམིགས་དགོས་པ་རེད། དེ་ལ་རྒྱལ་ཁབ་དང་ཆབ་སྲིད་ཀྱི་ལྟ་བ། ཚོང་དང་ཐ་ན་ཆོས་ཀྱི་དབུ་ཁྲིད་སོགས་དབྱེ་བ་མེད་པར་ཚང་མ་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཡིན་པས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གཞི་ལ་བཞག་སྟེ་ང་ཚོར་སེམས་པ་བཟང་པོ་དེ་དགོས་མཁོ་ཆེན་པོ་ཆགས་ཡོད་པ་བཀའ་གནང་གི་འདུག
ཡང་ཨན་སི་ཁྲན་སྨན་ཁང་གི་ཞིབ་འཇུག་པ་(Elisa Kozas)་ལགས་ནས། ཁོར་ཡུག་གཏོར་བཤིག་དང་སྐྱེ་ཁམས་གོད་ཆག་གི་འཇིགས་སྣང་གིས། གཞོན་སྐྱེས་ཚོར་དམིགས་བསལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན། ཁོང་ཚོར་རོགས་ཕན་གནང་སྟངས་ཀྱི་ལམ་སྟོན་ཞུས་པར། ༧གོང་ས་མཆོག་གིས། སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་བསལ་འབད་བརྩོན་གནང་དགོས། ཁོར་ཡུག་སྐོར་གྱི་ཤེས་ཡོན་དེ་ཧ་ཅང་གལ་ཆེན་དང་ཁྱད་པར་དུ་གོ་ལའི་ཚ་དྲོད་རྒྱས་པའི་རྟགས་ཐོན་བཞིན་པའི་སྐབས་འདིར། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་བསལ་འབད་བརྩོན་བྱ་དགོས་སུ་གྱུར་ཡོད། དེ་འབྲེལ་བོད་ལ་མཚོན་ན་མ་མཐར་རྒྱ་གར་ནག་དང་ཡུལ་ལུང་གཞན་ཁག་ཅིག་གི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པས། བོད་ཀྱི་སྐྱེ་ཁམས་ནི་མི་འབོར་ཐེར་འབུམ་ཁ་ཤས་ཀྱི་འཚོ་བའི་གཞི་རྟེན་དང་འབྲེལ་བས་ཤིན་ཏུ་གལ་གནད་ཆགས་ཡོད་པར་སོང་། ངོས་རང་ཆབ་སྲིད་ཀྱི་བགྲེས་ཡོལ་སྔ་མོ་ནས་ཞུས་ཚར་པ་ཡིན་ནའང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་གལ་ཆེན་པོ་དང་ཐུགས་བརྩོན་གནང་གི་ཡོད་པ་བཀའ་གནང་གི་འདུག
སྦི་ར་ཛིལ་རྒྱལ་ཁབ་ཀྱི་(Palas Athena Association)་ཞེས་གཞུང་འབྲེལ་མིན་པའི་ཚོགས་པ་དེ་ནི། ཤེས་ཡོན་དང་འཕྲོད་བསྟེན། འགྲོ་བ་མིའི་ཐོབ་ཐང་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བདེ་དོན་དང་ཞི་བདེ་དར་སྤེལ་སོགས་སྤྱི་ཚོགས་ཡར་རྒྱས་འཛིན་སྐྱོང་གི་ཆེད་ལས་དོན་གནང་མཁན་ཞིག་ཆགས་ཡོད་ཅིང་། དུས་རབས་གསར་པར་ཕྱོགས་པའི་ལས་དོན་འགོ་འཛུགས་གནང་རྒྱུར། ༧གོང་ས་མཆོག་གི་ལམ་སྟོན་གྱིས་ཕན་ཐོགས་རྒྱ་ཆེ་འབྱུང་རྒྱུ་ཡིན་པ་ཚོགས་པ་འཛུགས་མི་བུད་མེད་སློབ་དཔོན་(Lia Diskin)་ལགས་ནས་ངོས་འཛིན་གནང་གི་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།