བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་ཡོད་པའི་བོད་མིའི་ཚོང་ཁང་ཁ་ཤས་ལ་མེ་སྐྱོན་ཤོར་འདུག
གནས་ཚུལ་ཁ་སྣོན་བྱས་ཡོད།
འདི་ཚེས་༢༥་ཉིན་འདི་ག་གསར་འགོད་པའི་གནས་དོན་འདི་དང་འབྲེལ་བའི་ཉེ་འཁོར་གྱི་མིག་མཐོང་ལག་ཟིན་བྱུང་བའི་བོད་མི་ཁག་གཅིག་ལ་བཀའ་འདྲི་ཞུས་སྐབས། མེག་གྷན་ཁྲོམ་གཞུང་དུ་ཚོང་ལས་བསྐྱོན་མཁན་ཨ་ཅག་སྐལ་བཟང་ལགས་ཀྱིས། མེ་སྐྱོན་གྱི་གནས་ཚུལ་འདི་དེ་ཉིན་གྱི་ཕྱག་ཚོད་དྲུག་པ་ཙམ་ལ་གློག་འཁྱུད་རྐྱེན་པའི་བྱུང་ཡོད་པ་དང་། གནས་ཚུལ་དང་པོ་བྱུང་སྐབས་མེ་ཆུང་ཆུང་ཞིག་ལས་མེད་པས་མེ་གསོད་ཡོ་བྱད་ཐེངས་གཉིས་ཙམ་བེད་སྤྱོད་བྱས་རྗེས། མེ་ཏོག་ཙམ་ཆུང་རུ་བཏང་ཐུབ་ཡོད་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་ནང་མེ་སྐྱོན་དེ་ཇེ་ཆེར་ཕྱིན་རྗེས་མེ་གསོད་རུ་ཁག་འབྱོར་བར་དུས་ཡུན་སྐར་མ་ ༤༥ ཙམ་འགོར་སྟབས་ཚོང་ཁང་ནང་གི་ཅ་དངོས་ཡོད་ཚད་མེས་འཚིགས་ཡོད་པ་གསུངས་ཀྱི་འདུག་ལ། མེ་སྐྱོན་དེའི་རྐྱེན་པས་ཁྱིམ་ཚང་མེ་སྐྱོན་ཤོར་ཡོད་པའི་མིང་འབོད་འདོད་མེད་པའི་ཨ་ཅག་ལགས་གཅིག་ནས། ཁོང་ལ་ཁང་མིག་གསུམ་ཙམ་ཡོད་པ་ལས་ཁང་མིག་གཅིག་ནང་ཡོད་པའི་ཅ་དངོས་ཡོད་ཚད་མེ་སྐྱོན་དེའི་སྐབས་མེར་འཚིགས་ཏེ་ཤུལ་མེད་དུ་སོང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཁྲོམ་གཞུང་དུ་ཚོང་ལས་བསྐྱོན་མཁན་དང་བོད་ཁྱིམ་སློབ་ཟུར་ཡིན་པ་བཀྲ་ཤིས་ལགས་ཀྱིས། གློག་ལ་བརྟེན་ནས་མེ་སྐྱོན་ཤོར་ཡིན་སྐོར་གསལ་པོ་ཤེས་ཀྱི་མེད་ཀྱང་། ཕལ་ཆེར་གློག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཚོང་ཁང་གི་ཐོག་ཏུ་ཡོད་པའི་ཁང་པ་དེ་ཡང་ཤིང་ཁང་ཡིན་པར་བརྟེན་མེ་དེ་བས་ཆེ་རུ་ཕྱིན་ཡོད་ཅིང་། བོད་ཁྱིམ་ཚོང་ཁང་དེའི་ནང་ཅ་དངོས་ཆ་ཚང་རིན་གོང་ཆེ་བ་ཤ་སྟག་ཡིན་པར་བརྟེན་ཚོང་བདག་བུད་མེད་དེས་ཅ་དངོས་ཕྱིན་བཏོན་ཐབས་བྱས་ཀྱང་རེ་གཉིས་ཙམ་ལས་བཏོན་ཐུབ་མེད་ཅིང་། ཁོ་མོར་རྨས་སྐྱོན་ཕྲན་བུ་ཤོར་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦པ་ཙམ་ལ་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་ཡོད་པའི་བོད་ཁྱིམ་ཚོང་ཁང་དང་ཉེ་འཁོར་བོད་མིའི་ཚོང་ཁང་ཁ་ཤས་ལ་མེ་སྐྱོན་ཤོར་ཡོད་པ་དང་། འདི་ག་གསར་འགོད་པས་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་བཀའ་དྲི་ཞུས་པར། ཁོང་གིས་དོན་རྐྱེན་འདིའི་འོག་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་མེད་ཀྱང་། དངོས་ཟོག་མེ་སྐྱོན་ཤོར་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཡང་ཁོང་གིས་བོད་མིའི་ཚོང་ཁང་ཁ་ཤས་དང་། མཉམ་ལས་ཀྱི་ཁང་པ་ཁ་ཤས་ལ་མེ་སྐྱོན་བྱུང་འདུག་ཀྱང་ད་ལྟའི་ཆར་མེ་གསོད་རུ་ཁག་གིས་མེ་ཆ་ཚང་བསད་ཡོད་པ་རེད། མེ་སྐྱོན་ག་འདྲ་བྱས་ནས་བྱུང་བའི་རྒྱུ་རྐྱེན་སོགས་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་གསལ་རྟོགས་མེད་པས་དེའི་སྐོར་ཞིབ་ཕྲའི་གནས་ཚུལ་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་ཡོད་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་དོན་ཡོད། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། དཔལ་ལྡན་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།