རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།

2022.06.25
Share on WhatsApp
Share on WhatsApp
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
བློ་བཟང་།

སྤྱི་ལོ་༢༠༢༢ ཟླ་༦ ཚེས་༢༤ ཉིན་དོན་གྲུབ་གླིང་རུ་ཁག་དང་སིམ་ལ་རུ་ཁག་དབར་རྟིང་རྩོད་འགྲན་བསྡུར་གྱིས་དུས་ཡུན་སྐར་མ་བཅོ་ལྔ་ཡས་མས་ཤིག་ལ་དོན་གྲུབ་གླིང་རུ་ཁག་གིས་པོ་ལོ་གཅིག་བླུགས་སྐབས་སྒོ་སྲུང་བས་ལག་ནས་ཤོར་བའམ་ཁ་གཏད་རྩེད་འགྲན་པས་འབུད་རྒྱག་ཐེབས་པ་གང་ལྟར་རྩེད་དཔང་གིས་(referee)ངོས་ནས་པོ་ལོ་བླུགས་པར་བརྩིས་པའི་སྐབས། སིམ་ལ་རུ་ཁག་གིས་ངོས་ནས་རྩེད་དཔང་ངམ་ཤན་འབྱེད་པས་དྲང་པོ་བྱས་མ་སོང་ཞེས་དང་། གལ་སྲིད་པོ་ལོ་བླུགས་པ་དེ་རྩིས་མེད་མ་བཏང་བ་ཡིན་ན་ང་ཚོའི་རུ་ཁག་གིས་འགྲན་བསྡུར་བྱེད་ཀྱི་མིན་ཞེས་བརྗོད་དེ་རྩེད་ཐང་གི་ཕྱི་ལོགས་སུ་ཐོན་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་གཙོས་འབྲེལ་ཡོད་རྣམ་པས་ངོས་ནས་འཛམ་གླིང་རྐང་སྦོལ་རུ་ཁག་གིས་སྒྲིག་གཞི་བཞིན་རྩེད་དཔང་གིས་ཐག་གཅོད་ལ་འགྱུར་བ་མེད་ཅེས་དང་། འོན་ཀྱང་རྩེད་རིགས་འདིའི་མཐོང་མ་བརླགས་པའི་ཆེད་དུ་མུ་མཐུད་ནས་རྩེ་འགྲན་བྱེད་དགོས་པའི་འབོད་བསྐུལ་དང་སྦྲགས་སྐར་མ་བཅུའི་དུས་ཚོད་སྤྲད་སོང་། འོན་ཀྱང་དུས་ཐོག་ཏུ་རྩེད་མོ་བ་རྣམས་མ་ཡོང་སྟབས་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྦོལ་འགྲན་བསྡུར་ཐེངས་༢༧ པའི་མཐའ་མའི་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པའི་ཐག་གཅོད་གནང་སོང་། འོན་ཀྱང་ཨང་དང་པོའི་བུམ་པའི་རྟགས་མ་དེ་ད་ལྟའི་ཆར་སྤྲད་མེད་པ་རེད་འདུག
མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་ཁྲི་འཛིན་༣༤ པ་ཆེན་པོ་མཆོག་གིས་བོད་ཀྱི་རྐང་སྤོལ་གྱི་བྱུང་རབས་དང་། མཚོན་དོན་དང་གལ་གནད་སྐོར་ལ་བཀའ་སློབ་ཕེབས་པ་དང།
ཡང་ཁོང་གིས་༧གོང་ས་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་རྣམ་པའི་བཀའ་བཞིན་མི་མང་གིས་ངོས་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བ་ལ་ཕྱོགས་ཡོངས་ནས་འབད་དགོས་སྐོར་གསུང་གནང་སོང་།
རྩ་བའི་འདི་ལོའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ཚུགས་ཡུལ་ས་གནས་ཁུག་ཀྱོག་ཅིག་དང་གཞིས་སྒར་ཆུང་ཆུང་ཞིག་ཆགས་ཀྱི་ཡོད་མོད། གཞིས་སྒར་ནང་གི་འགོ་དམངས་ཡོངས་ཀྱིས་འབད་བརྩོན་བགྱིས་འབྲས་གྲ་སྒྲིག་འཐུས་ཚང་བྱུང་བ་ལ་གཟིགས་མོ་བ་མང་པོ་ཞིག་གིས་བསྔགས་བརྗོད་གནང་གི་འདུག །བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས་ནས་མ་འོངས་པར་རྩེད་རིགས་ཡར་རྒྱས་དང་འབྲེལ་བའི་འཆར་གཞི་ཡོད་པའི་སྐོར་གསུངས་འདུག
ཐེངས་འདིའི་རྩེད་འགྲན་འགོ་ཚུགས་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ཐོག་ཐད་བསྲིང་བྱས་པ་དང་རྩེད་མོ་རྩེད་རིང་འབྲེལ་བཤད་རྒྱག་མཁན་གྱིས་བོད་སྐད་ཁོ་ན་ཐོག་ནས་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་རྩེད་མོའི་འགྲོས་དང་སྦྲགས་ནས་འབྲེལ་བརྗོད་གནང་གི་ཡོད་ཅིང་།བརྙན་པར་སྤུད་ཚད་ལྡན་པ་མ་ཟད་དལ་པོའི་འགུལ་བསྐྱོད་ཐོག་ནས་བསྟན་པས་ཐད་བསྲིང་དེ་སྔར་དང་མ་འདྲ་བ་ཡར་རྒྱས་དཔེ་མེད་ཕྱིན་ཡོད་འདུག་།ཉིན་མཐའ་མ་རྩེད་ཐང་དུ་དངོས་་སུ་མི་ཚོགས་ཆེན་པོས་འདུ་འཛོམས་དང་དྲ་ཐོག་ལ་ལྟད་མོ་བལྟ་མཁན་ཁྲི་གཉིས་ལས་བརྒལ་བ་བྱུང་འདུག་ཀྱང་ཁག་གཅིག་གིས་རྩེད་དཔང་གི་ཐག་གཅོད་ལ་བློ་ཕམ་དང་རྩེད་མོ་མཇུག་བསྒྲིལ་འདོད་བློ་ཁེངས་པ་བྱུང་མེད་པའི་སྐོར་བརྗོད་འདུག
སྤྱིར་སྟངས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ དེ་འདི་ཚེས་༡༡ ནས་༢༤ བར་ཚུགས་ཡོད་ཅིང་། རྩེད་མོ་བ་རུ་ཁག་བཅུ་དྲུག་མཉམ་ཞུགས་བྱས་འདུག་པ་དང་། རུ་ཁག་སོ་སོས་རྒྱལ་ཕམ་གྱི་འགྲན་བསྡུར་བྱས་པའི་ཁྲོད་རྩེ་ཕུད་བརྒྱད་དང་དེ་ལས་རིམ་བཞིན་བཞི་དང་གཉིས་བཅས་བདམས་རྗེས་མཐའ་མའི་རྒྱལ་ཕམ་གྱི་ཤན་འབྱེད་བྱས་ཡོད་སྟབས། ཐེངས་འདིའི་འགྲན་བསྡུར་ནང་ཁྱོན་འགྲན་བསྡུར་ཐེངས་༣༡ བྱས་ནས་མཐར་མའི་རྩེད་འགྲན་ནང་དོན་གྲུབ་གླིང་རུ་ཁག་དང་སིམ་ལ་རུ་ཁག་དབར་རྟིང་རྩོད་འགྲན་བསྡུར་དེ་རྩོད་གཞི་ཅན་ཞིག་ཆགས་ནས་མཇུག་བསྒྲིལ་འདུག།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་རིམས་ནད་ཁྱབ་གདལ་དང་འབྲེལ་བོད་མི་ཚོས་༧གོང་ས་མཆོག་ལ་སྐྱབས་མཇུག་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་མང་དག་ཅིག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎